ཞི་ཅིན་ཕིང་གིས་བྷང་ག་ལའི་ཙུང་ལི་ཧ་ཞི་ན་ལ་ཐུག་འཕྲད་གནང་བ།
ཟླ7ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞི་འཚམས་འདྲིར་ཕེབས་པའི་བྷང་ག་ལཱའི་ཙུང་ལི་ཧ་ཞི་ན་ལ་ཐུག་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་མཐོར་འདེགས་གཏོང་རྒྱུ་ཁྱབ་བསྒྲགས་མཛད།
ཟླ7ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞི་འཚམས་འདྲིར་ཕེབས་པའི་བྷང་ག་ལའི་ཙུང་ལི་ཧ་ཞི་ན་ལ་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་གཉིས་ནི་གཅིག་ལ་གཅིག་བརྟེན་གྱི་མཛའ་མཐུན་ཁྱིམ་མཚེས་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འགྲོ་འོང་དེ་ལོ་ངོ་སྟོང་ལ་རྒྱུན་བསྲིངས་ཡོད། ཕྱི་ཕྱོགས་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་བརྩི་འཇོག་དང་། ཕན་ཚུན་ལ་རྒྱབ་སྐྱོར། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། མཉམ་ལས་མཉམ་རྒྱལ་བཅས་བྱས་ནས་རྒྱལ་ཁབ་དང་རྒྱལ་ཁབ་བར་དང་། ལྷག་པར་དུ“གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི”རྒྱལ་ཁབ་བར་གྱི་མཛའ་མཐུན་འགྲོ་འོང་དང་། གཉིས་ཕན་མཉམ་ལས་ཀྱི་མིག་དཔེ་བཙུགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་གཉིས་ཀྱི་རྒན་རབས་མགོ་ཁྲིད་པས་གསར་འཛུགས་བྱས་པའི་མཛའ་བརྩེ་ཟབ་མོར་གཅེས་སྤྲས་བྱེད་པ་དང་། སང་ལོར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པ་གོ་སྐབས་སུ་བཟུང་སྟེ། སྤུས་ཚད་མཐོན་པོའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཟབ་མོ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་དང་རྒྱ་ཇེ་ཆེར་བཏང་ནས་ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཡུན་རིང་བོར་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་དགོས། ཀྲུང་གོས་བྷང་ག་ལ་ཕྱོགས་ཀྱིས་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་དང་། རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་བཅས་བྱས་ཏེ། ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་དང་མཉམ་དུ་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་དང་འཕེལ་རྒྱས་ཁྱབ་ཁོངས་ཀྱི་སྲིད་ཇུས་བརྗེ་རེས་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ནས་དཔལ་འབྱོར་ཉོ་ཚོང་ཐད་མ་དངུལ་གཏོང་བ་དང་ཕན་ཚུན་འབྲེལ་འདྲིས་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱེད་ཤུགས་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོས་བྷང་ག་ལཱ་རྒྱལ་ཁབ་དང་མཉམ་དུ་ཐོན་ལས་དངུལ་གཏོང་གི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཐོན་ལས་སྦྲེལ་ཐག་དང་མཁོ་འདོན་སྦྲེལ་ཐག་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། བྷང་ག་ལ་རྒྱལ་ཁབ་འཕེལ་རྒྱས་ཡོང་བར་རམ་འདེགས་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་སང་ལོའི“ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་བར་གྱི་རིག་གནས་བརྗེ་རེས་ལོའི”བྱ་འགུལ་བཟང་པོར་བསྒྲུབ་སྟེ། རྒྱལ་ཁབ་གཉིས་ཀྱི་རིག་གནས་དང་། ཡུལ་སྐོར། སྨྱན་བྱད། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཐད་མཉམ་ལས་དམ་ཟབ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་བསྣན་ནས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད།
ཧ་ཞི་ན་ཡིས་བསྟན་དོན། བྷང་ག་ལ་ཕྱོགས་ཀྲུང་གོའི་བར་མཛའ་བརྩེ་ཟབ་མོ་ཡོང་བར་ཧ་ཅང་དགའ་སྤྲོ་སྐྱེས་བཞིན་ཡོད། ཀྲུང་གོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ཀྱི་མགོ་ཁྲིད་འོག་དཀའ་ངལ་དང་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱས་ནས། ཉིན་རེར་འགྱུར་ལྡོག་འགྲོ་བའི་རླབས་ཆེན་གྱི་གྲུབ་འབྲས་བླངས་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་བར་ཡིད་སྨོན་བྱེད་བཞིན་ཡོད། བྷང་ག་ལས་རྒྱལ་ཁབ་བློ་བརྟན་འགྱུར་མེད་ཀྱིས་མི་རིགས་བཅིངས་འགྲོལ་དང་དབུལ་པོ་ཇེ་ཉུང་དུ་གཏོང་བའི་འཕེལ་རྒྱས་བྱ་གཞག་ལ་གཞོལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་འཕེལ་རིམ་དེའི་ནང་བྷང་ག་ལར་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་ཁ་བླངས་པའི་འཕེལ་རྒྱས་ཀྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུའི་རེ་བ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རྨང་གཞིའི་སྒྲིག་ཆས། དབུལ་པོ་ཇེ་ཉུང་དུ་གཏོང་བ་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། ན་གཞོན་དང་རིག་གནས་སོགས་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་རྒྱུ་ཡིན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འདོན་ཡི་གེས་རང་ས་ཁུལ་འདིའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་ཆེན་པོ་ཐེབས་ཡོད། བྷང་ག་ལ་ཕྱོགས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ནང་མུ་མཐུད་དུ་ཧུར་ཐག་གིས་ཞུགས་རྒྱུ་ཡིན། ཀྲུང་གོ་ཕྱོགས་བྷང་ག་ལའི་ལྷོ་ཕྱོགས་གཞི་གཅིག་ཅན་གྱི་གསར་སྤེལ་འཆར་གཞིའི་ནང་ཧུར་ཐག་གིས་ཞུགས་པར་དགའ་བསུ་ཞུས་པ་ཡིན་ལ། བྷང་ག་ལ་རྒྱལ་ཁབ་ཀྱི“2041ལོའི་ཕུགས་འདུན”མངོན་འགྱུར་ཡོང་བར་རམ་འདེགས་བྱེད་དགོས། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་མཐའ་གཅིག་ཏུ་བརྩི་སྲུང་བྱ་རྒྱུ་ཡིན་པ་དང་། ཐའེ་ཝན་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རང་ཉིད་ཀྱི་ཁེ་ཕན་གཙོ་བོར་སྲུང་སྐྱོང་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན། བྷང་ག་ལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་སྔར་ལས་འཕེལ་རྒྱས་ཆེན་པོ་ཐོབ་ཐུབ་པའི་ཡིད་ཆེས་ཡོད། །
ཝང་དབྱི་ཐུག་འཕྲད་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注