ལི་ཆང་གིས་ཅི་ནེ་ཡ་པི་ཧྲའོ་ཡི་ཙུང་ཐུང་ཨུན་པ་ལའོ་ལ་ཐུག་འཕྲད་གནང་བ།
ཟླ7པའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཅི་ནེ་ཡ་པི་ཧྲའོ་ཡི་ཙུང་ཐུང་ཨུན་པ་ལའོ་ལ་ཐུག་འཕྲད་གནང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚེས10ཉིན་པེ་ཅིན་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཅི་ནེ་ཡ་པི་ཧྲའོ་ཡི་ཙུང་ཐུང་ཨུན་པ་ལའོ་ལ་ཐུག་འཕྲད་གནང་།
ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཅི་ནེ་ཡ་པི་ཧྲའོ་དང་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་སྔ་ཕྱི་བར་གསུམ་དུ་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་གྲོས་མོལ་གནང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཆར་གཞི་གསར་པ་བཀོད་སྒྲིག་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ཅི་ནེ་ཡ་པི་ཧྲའོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཛུབ་ཁྲིད་བྱས་པའི་ཁ་ཕྱོགས་ལ་བརྩི་སྲུང་བྱས་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས། ཀྲུང་གོ་དང་ཕུའུ་ཐའོ་ཡའི་གླེང་སྟེགས་སོགས་ཀྱི་སྟེགས་བུ་གལ་ཆེན་བེད་སྤྱོད་ཡག་པོ་བཅས་བྱས་ཏེ་དངོས་སྒྲུབ་ནུས་ཆེའི་ངང་ཞིང་ལས་ཉ་ལས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྨན་བཅོས་འཕྲོད་བསྟེན། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།
ལི་ཆང་གིས་བསྟན་དོན། ཀྲུང་གོས་ཅི་ནེ་ཡ་པི་ཧྲའོ་ཡི་མི་དམངས་ཀྱིས་རང་བདག་ངང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་འཚོོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཅི་ནེ་ཡ་པི་ཧྲའོ་ཡིས་རང་བདག་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་ཅི་ནེ་ཡ་པི་ཧྲའོ་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ཏེ། སྔར་ལས་ལྷག་པར་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་དང་དངོས་བརྩོན་ནུས་མཐོའི་ངང་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཅི་ནེ་ཡ་པི་ཧྲའོ་ཡིས་རྒྱུན་མཐུད་ངང་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ནུས་མཐོར་འདེགས་སུ་གཏོང་བར་རོགས་སྐྱོར་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས། ཀྲུང་ཕུའུ་གླེང་སྟེགས་སོགས་གལ་ཆེའི་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ནས། ཞིང་ལས་ཉ་ལས་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་དུ་གཏོང་བ་དང་། སྔར་ལས་ལྷག་པར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དུ་གཏོང་བར་བགྲོ་གླེང་བྱེད་དགོས། ཀྲུང་གོས་ཅི་ནེ་ཡ་པི་ཧྲའོ་དང་མཉམ་དུ་སྨན་བཅོས་འཕྲོད་བསྟེན་དང་སློབ་གསོ་སོགས་མི་ཆོས་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། ཅི་ནེ་ཡ་པི་ཧྲའོ་ཡི་ཕུལ་བྱུང་སློབ་མ་རྣམས་ཀྲུང་གོར་སློབ་སྦྱོང་དུ་ཡོང་བར་དགའ་བསུ་ཞུ་འདོད་ཡོད།
ཨུན་པ་ལའོ་ཡིས་བསྟན་དོན། ཀྲུང་གོ་དང་ཅི་ནེ་ཡ་པི་ཧྲའོ་ནི་ཕན་ཚུན་བརྩི་འཇོག་དང་སྐྱིད་སྡུག་མཉམ་མྱོང་བྱེད་པའི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དམིགས་བསལ་དང་རྨང་གཞི་བརྟན་པོ་ཡིན། ཅི་ནེ་ཡ་པི་ཧྲའོ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་སྟེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་སོགས་གཙོ་གནད་འདུ་ཤེས་འཛམ་གླིང་གྲོས་གཞི་ལ་རྒྱབ་སྐྱོར་བྱས་ནས། ཀྲུང་གོ་ཕྱོགས་དང་ད་ལོའི་སྟོན་ཀར་ཀྲུང་གོར་སྤེལ་རྒྱུ་ཡིན་པའི་སྐབས་གསར་པའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་རྩེ་ཚོགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད།
ཝུའུ་ཀྲིན་ལུང་ཐུག་འཕྲད་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注