ཟས་རིགས་འདི་དག་གིས་མཁལ་མའི་རྡེའུ་སྐྲན་སློང་སྲིད།

མི་མི་ཉུང་བ་ཞིག་ལ་རྐེད་པ་ན་མྱོང་ཞིང་། ཡིན་ཡང་མི་ཁ་ཤས་ལ་རྐེད་པར་ཟུག་གཟེར་བརྒྱབ་སྟེ་དྲང་མོར་ལངས་མི་ཐུབ་པར་མ་ཟད། ཐ་ན་སྐྱུག་བྲོ་བ་དང་སྐྱུག་པ་སོགས་ཀྱི་ནད་རྟགས་མངོན་པའི་ན་ཚ་ཡང་ཕོག་མྱོང་། དེ་ནི་མཁལ་མའི་རྡེའུ་སྐྲན་གྱི་རྐྱེན་ལས་སློང་པ་ཡིན་སྲིད། འོ་ན། མཁལ་མའི་རྡེའུ་སྐྲན་ནམ་མཁལ་རྡོ་ནི་ཇི་ལྟར་བྱུང་བ་དང་། ནད་དེ་ཕོག་པའི་ནད་པའི་བཟའ་བཏུང་དང་འཚོ་བའི་ཐད་དོ་སྣང་བྱ་དགོས་ས་གང་འདྲ་ཡོད་དམ། གཤམ་ལ་མཉམ་དུ་རྒྱུས་ལོན་ཞིག་བྱེད།

མཁལ་མའི་རྡེའུ་སྐྲན་ནི་ཇི་ལྟར་བྱུང་བ་ཡིན་ནམ། མཁལ་རྡོ་ནི་མཁལ་མའི་ནང་དུ་དིམ་བསགས་ཐེབས་པའི་གཏེར་རྫས་ཀྱིས་སློང་བ་ཞིག་ཡིན་ཞིང་། དེ་ནི་ཞུན་ཆགས་གཟུགས་དང་སྐྱེ་ལྡན་རྨང་རྫས་ཀྱིས་གྲུབ་པ་ཡིན། གཅིན་པའི་ནང་གི་གཏེར་རྫས་རིགས་གཅིག་མང་དྲགས་སྐབས་རྡེའུ་སྐྲན་འགྱུར་གྱི་ཡོད། དེའི་ནང་རྩྭ་སྐྱུར་ཀལ་གྱི་རྡེའུ་སྐྲན་ནི་ཆེས་རྒྱུན་དུ་མཐོང་བ་ཞིག་ཡིན། དེ་ནས་ལིན་སྐྱུར་ཀལ་གྱི་རྡེའུ་སྐྲན་དང་གཅིན་སྐྱུར་གྱི་རྡེའུ་སྐྲན། ལིན་སྐྱུར་ཨན་མཱེའི་རྡེའུ་སྐྲན་དང་ཀོན་ཨེམ་སྐྱུར་གྱི་རྡེའུ་སྐྲན་སོགས་ཡིན། མཁལ་རྡོ་བསྐྱར་དུ་འབྱུང་བར་སྔོན་འགོག་བྱེད་པར་དུས་རྒྱུན་གྱི་བཟའ་བཏུང་དང་འཚོ་བ་སྐྱེལ་སྟངས་ལ་མཉམ་འཇོག་བྱེད་དགོས་པར་མ་ཟད། དུས་ཐོག་ཏུ་རྡེའུ་སྐྲན་རིགས་ལ་དམིགས་པའི་སྨན་རྫས་བཀོལ་ནས་སྨན་བཅོས་ཀྱང་བྱེད་དགོས།

མཁལ་རྡོ་ནད་པས་ཟ་མ་རོལ་སྟངས་ཅི་འདྲ་ཡིན་ཟེར་ན།

ཟས་རིགས་འདི་དག་ཉུང་ཙམ་ཟ་དགོས་ཏེ། 

རྩྭ་སྐྱུར་མཐོ་བའི་ཟས་རིགས། རྩྭ་སྐྱུར་ཞེས་པ་ནི་རྩྭ་སྐྱུར་ཀལ་གྱི་རྡེའུ་སྐྲན་སློང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན། རྩྭ་སྐྱུར་མཐོ་བའི་ཟས་རིགས་དག་གི་བྲོ་བ་ཅུང་ཁ་མོ་ཡོད་ཅིང་། རྒྱུན་དུ་རྩྭ་སྐྱུར་ཅུང་མཐོ་བའི་ཟས་རིགས་ནི་ཚལ་སྣག་དང་སྣེའུ་ཚལ། མངར་ཚལ། སྨྱུག་རྩ། ཏིལ་འབྲུ་སོགས་ཡིན། ཞིབ་འཇུག་ལས་མངོན་པ་ལྟར་ན། ཆུ་ནང་དུ་བཙོས་ནས་གཡོས་སྦྱོར་བྱས་ན་རྩྭ་སྐྱུར་གྱི་རྒྱུ་འབོར་ཆེན་མེད་པར་བཟོ་ཐུབ།

སྐྱེ་ལྡན་འདྲེས་སྦྱོར་འགྱུར་རྫས་འདུས་མང་བའི་ཟས་རིགས། སྲོག་ཆགས་ཀྱི་ནང་ཁྲོལ་དང་མཚོ་ཟས། ཤ་ཁུ་གར་པོ་སོགས་ཡིན། སྐྱེ་ལྡན་འདྲེས་སྦྱོར་འགྱུར་རྫས་བརྗེ་ཚབ་བྱེད་དུས་གཅིན་སྐྱུར་འབྱུང་སྲིད་པ་དང་། གཅིན་སྐྱུར་གྱིས་རྡེའུ་སྐྲན་ཆགས་པར་སྐུལ་འདེད་བྱེད་སྲིད།

ཚྭ་མང་བའི་ཟས་རིགས། ཟས་རིགས་བསྙལ་མ་དང་ལས་སྣོན་ཤ་རིགས་སོགས་ནཱ་རྒྱུ་ནང་བའི་ཟས་རིགས་ཟོས་དྲགས་ན་གཅིན་ཀལ་ཕྱིར་གཏོང་བྱེད་ཚད་མང་དུ་ཕྱིན་ནས། མཁལ་མའི་རྡེའུ་སྐྲན་ཆགས་པར་སྐུལ་འདེད་གཏོང་སྲིད། སྤྱིར་བཏང་དུ་མི་དར་མའི་ཉིན་རེར་ཚྭ་བསྡུ་ཚད་ཁེ་5ལས་མི་བརྒལ་བ་བྱ་དགོས། 

ཆུ་མང་ཙམ་འཐུང་དགོས།

མཁལ་རྡོའི་ནད་པ་མང་ཆེ་བར་ཉིན་རེར་གཤེར་གཟུགས2.5-3.0Lབསྡུ་ལེན་བྱས་ཏེ། ཉིན་རེར་ཉུང་མཐར་ཡང་གཅིན་པ2.0-2.5Lའབུད་ཚད་རྒྱུན་འཁྱོངས་བྱེད་དགོས། ཆུ་ནི་བཏུང་བྱའི་ནང་གི་གདམ་ཀ་དང་པོ་དེ་ཡིན་ཞིང་། དེ་ནས་ཇ་དང་ཁ་ཧྥེ་ཚད་རན་པ་འཐུང་ཆོག ཇ་དང་ཁོ་ཧྥེའི་ནང་འདུས་པའི་གཞི་རྒྱུ་ཁག་ཅིག་ལ་གཅིན་པ་འབབ་པའི་ནུས་པ་ལྡན་ཡོད། རེད་དེ་ཉིན་རེར་ཁོ་ཧྥེ་འཐུང་ཚད་ཀྱང་ཚོད་འཛིན་བྱེད་དགོས། 

ཀལ་བསྡུ་ལེན་བྱེད་ཚད་དོ་མཉམ་བྱ་དགོས། 

བཟའ་བཅའི་ཀལ་འདང་ངེས་ཤིག་བསྡུ་ལེན་བྱས་ན་མཁལ་རྡོ་ཆགས་པའི་ཉེན་ཁ་ཆུང་དུ་གཏོང་ཐུབ། རྒྱུ་མཚན་ནི་ཀལ་དང་རྩྭ་སྐྱུར་གཉིས་འཇུ་ལམ་དུ་ཟུང་འབྲེལ་བྱས་ནས་ཞུ་མི་ཐུབ་པའི་རྩྭ་སྐྱུར་ཀལ་གྲུབ་པ་དང་ཕྱིར་འབུད་བྱས་པས།མཁལ་མའི་རྩྭ་སྐྱུར་ཀལ་གྱི་རྡེའུ་སྐྲན་གྲུབ་ཚད་ཆུང་དུ་གཏོང་ཐུབ། རང་རྒྱལ་ཚད་གཞིར་མི་དར་མའི་ཉིན་རེར་ཀལ་ཧའོ་ཁེ800བསྡུ་ལེན་བྱེད་དགོས། 

སྔོ་ཚལ་མང་ཙམ་ཟ་བ་དང་ཤིང་ཏོག་འོས་འཚམ་ཟ་དགོས།

སྔོ་ཚལ་དང་ཤིང་ཏོག་གིས་གཅིན་བུལ་འགྱུར་དང་ཉིང་མེང་སྐྱུར་ཚྭ་མཁོ་འདོན་བྱེད་པར་ཕན་ཐོགས་ཡོད་མོད། འོན་ཀྱང་རྩྭ་སྐྱུར་མཐོ་བའི་ཤིང་ཏོག་དང་སྔོ་ཚལ་ལ་ཡང་དོ་སྣང་བྱེད་དགོས།

མཁལ་རྡོ་ནད་པའི་འཚོ་བའི་ཁྲོད་ཅི་ཞིག་ལ་དོ་སྣང་བྱེད་དགོས།

བདེ་ཐང་གི་ལུས་པོའི་ལྗིད་ཚད་རྒྱུན་འཁྱོངས་བྱེད་དགོས། ལུས་པོའི་ལྗིད་ཚད་ཀྱི་བསྡུར་གྲངས(BMI)ནི་མིའི་ལུས་པོའི་རྒྱགས་ཤ་ཚད་ལ་བསྡུར་ཞིབ་བྱེད་པའི་རྒྱུན་སྤྱོད་ཚད་གཞི་ཞིག་ཡིན། ལྗིད་ཚད་ལས་བརྒལ་བའམ་ཚོན་པོ་ཆགས་ན་མཁལ་རྡོ་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་བས། ལུས་པོའི་ལྗིད་ཚད་ཀྱི་བསྡུར་གྲངས་རྒྱུན་ལྡན་གྱི་ཁྱབ་ཁོངས་ནང་དུ་གནས་པ(18.5-23.9kg/m²)རྒྱུན་འཁྱོངས་བྱེད་དགོས། 

འགུལ་སྐྱོད་འོས་འཚམ་བྱེད་པ་དང་ཡུན་རིང་སྡོད་མི་རུང་། 

འགུལ་སྐྱོད་འོས་འཚམ་བྱས་ན་ལུས་པོའི་རྙིང་ཚབ་གསར་བརྗེ་ལ་སྐུལ་འདེད་དང་མཁལ་རྡོ་ཆགས་པར་སྔོན་འགོག་བྱེད་ཐུབ། འགུལ་སྐྱོད་བྱས་ནས་རྔུལ་ཆུ་འདོན་སྐབས། དུས་ཐོག་ཏུ་ཆུ་ཁ་གསབ་གང་ལེགས་བྱེད་དགོས།

དུས་བཀག་ལུས་བཤེར་བྱེད་དགོས།

དུས་བཀག་ལྟར་ལུས་ཕུང་ལ་བརྟག་དཔྱད་བྱེད་དགོས་ཏེ། དཔེར་ན་གཅིན་པ་རགས་བརྟག་དངBསྒྲ་རླབས་སོགས་བྱས་ནས། སྔ་ཙམ་ནས་ཤེས་རྟོགས་བྱས་ཏེ་སྔ་ཙམ་ནས་སྨན་བཅོས་བྱེད་དགོས། རྐེད་པ་ན་བ་དང་ཁྲག་གཅིན་སོགས་ཀྱི་ནད་རྟགས་བྱུང་ཚེ། ངེས་པར་དུ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号