སྒོ་བསྟེན་སྨན་ཁང་དུ་ནད་པས་རྒྱུན་དུ་རུས་ཚིགས་ལ་གྲང་རླུང་ལྡང་མ་ཐག་གཟེར་རྒྱག་པ་དེ་གྲང་ངར་གྱི་དབང་གིས་བྱུང་བའི་རུས་ཚིགས་གྲུམ་ནད་ཀྱི་རྟགས་ཡིན་ནམ། ཇི་ལྟར་བྱས་ན་ད་གཟོད་ན་ཟུག་དེ་སེལ་ཐུབ་བམ་ཞེས་འདྲི་བ་རེད།
ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། རུས་ཚིགས་གྲུམ་ནད་དང་གྲང་ངར་བར་འབྲེལ་བ་ཆེན་པོ་མེད། གྲང་ངར་ཆེ་བའི་རྒྱལ་ཁབ་དང་ས་ཁུལ་དུ་རུས་ཚིགས་གྲུམ་ནད་ཀྱི་ནད་པ་ས་ཁུལ་གཞན་པ་ལས་མང་བའི་གནས་ཚུལ་བྱུང་མེད། འོན་ཀྱང་། མ་གཞི་ནས་རང་སྟེང་དུ་རུས་ཚིགས་གྲུམ་ནད་བྱུང་ཡོད་པའི་མི་ལ་མཚོན་ན། གྲང་ངར་གྱིས་གྲུམ་ནད་ཀྱི་ན་ཟུག་སློང་སྲིད་པ་རེད། རུས་ཚིགས་གྲུམ་ནད་བྱུང་ཡོད་པའི་མི་ཡིས་གྲང་ངར་ལས་བྱུང་བའི་ན་ཟུག་དང་ཟུག་གཟེར་ཇེ་ཉུང་དུ་གཏོང་དགོས་ལ། ལུས་པོར་དྲོད་སྲུང་བཟང་པོ་བྱེད་དགོས། ཁྱེད་ཀྱིས་ད་དུང་འཚོ་བ་རོལ་སྟངས་ལེགས་སྒྱུར(ལུས་པོའི་ལྗིད་ཚད་ཚོད་འཛིན་དང་འགུལ་སྐྱོད་ལུགས་མཐུན། ལུས་སྦྱོང་འོས་འཚམ་སོགས)དང་། ལུགས་མཐུན་གྱིས་སྨན་འཐུང་བ་སོགས་ཕྱོགས་བསྡུས་སྨན་བཅོས་བྱེད་སྟངས་ལ་བརྟེན་ནས་རུས་ཚིགས་གྲུམ་ནད་ཀྱི་ནད་རྟགས་ཞི་ལྷོད་དུ་གཏོང་དགོས།
རུས་ཚིགས་གྲུམ་ནད་ནི་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་ལ། རྒན་པ་རྣམས་དབང་པོ་སྐྱོན་ཅན་དུ་གཏོང་བའམ་ཡང་ན་ཡ་མ་གཟུགས་སུ་གཏོང་བའི་རྒྱུན་མཐོང་གི་ནད་རྐྱེན་ཞིག་ཀྱང་ཡིན། དེ་བས་ཆུ་མ་ཡོང་གོང་ནས་རགས་ཞེས་པ་ལྟར་གཤམ་གསལ་གྱི་བྱེད་ཐབས་འདི་དག་ལ་བརྟེན་ནས་སྔ་མོ་ནས་ཡིད་གཟབ་བྱེད་དགོས།
ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་དགོས། ཤ་རྒྱགས་དྲགས་མི་རུང་ལ་སྐམ་དྲགས་ཀྱང་མི་རུང་། བཟའ་བཏུང་ལུགས་མཐུན་དང་ལུས་པོའི་ལྗིད་ཚད་ལ་དོ་དམ་ལེགས་པོ་བྱེད་དགོས།
ལུས་ཕུང་སྦྱོང་བརྡར་བྱེད་དགོས། པུས་ཚིགས་དང་དཔྱི་ཚིགས། སྒལ་ཚིགས་སོགས་ལྷུ་ཚིགས་ཆེན་པོའི་སྟོབས་ཤུགས་སྦྱོང་བརྡར་ལ་དོ་སྣང་བྱེད་དགོས། པུས་མོའི་ལྷུ་ཚིགས་ལ་དཔེ་བཞག་ན། བརླ་མདུན་གྱི་ཤ་གནད་ནི་པུས་མོའི་ལྷུ་ཚིགས་ལ་སྲུང་སྐྱོབ་བྱེད་པའི་ཤ་གནད་གལ་ཆེན་ཞིག་ཡིན། འདུག་གནས་སུ་བསྡད་དེ་རྐང་པ་མདུན་ལ་དྲང་མོར་བསྲིངས་པ་ནི་རྒྱུན་མཐོང་གི་ཤ་གནད་སྦྱོང་བརྡར་བྱེད་ཐབས་ཤིག་སྟེ་རྐུབ་སྟེགས་སྟེང་རྐང་པ་ཏུའུ90ཡི་ཚད་ཀྱིས་བསྡད་དེ། དལ་གྱིས་དྲང་མོར་མདུན་དུ་བསྲིངས་ནས་བརླ་མདུན་གྱི་ཤ་གནད་ལ་ཤུགས་རྒྱག་པ་དང་སྐར་ཆ5རྒྱུན་འཁྱོངས་བྱས་རྗེས་ལྷོད་དགོས། དེ་ལྟར་ཐེངས15ནས20སྦྱོང་བ་དང་། ཉིན་རེར་ཐེངས་གཉིས་རེ་སྦྱོང་དགོས། འདི་ནི་ཧ་ཅང་སྟབས་བདེ་བའི་ལྷུ་ཚིགས་ཀྱི་སྟོབས་ཤུགས་སྦྱོང་བརྡར་བྱེད་ཐབས་ཤིག་རེད།
འགུལ་སྐྱོད་འོས་འཚམ་བྱེད་དགོས། མི་ཁ་ཤས་ཛ་དྲག་ཆེ་ཞིང་འགྲན་རྩོད་རང་བཞིན་ཅུང་ཆེ་བའི་འགུལ་སྐྱོད་ལ་ཞུགས་རྒྱུར་དགའ་བ་དང་། འགུལ་སྐྱོད་བྱེད་སྐབས། པུས་མོ་འགུག་པ་དང་ལྷུ་ཚིགས་ནས་འཁོར་བར་བྱེད་པའི་འགུལ་སྟངས་ཀྱིས་ལྷུ་ཚིགས་ལ་གནོད་སྐྱོན་བཟོ་སྲིད། ལུགས་མཐུན་གྱི་འགུལ་སྐྱོད་བྱེད་སྟངས་བདམས་ནས། འགུལ་སྐྱོད་དྲག་པོའི་དབང་གིས་རྨས་སྐྱོན་ཕོག་པར་གཡོལ་དགོས་ལ། དེ་ལྟར་བྱས་ན་རུས་ཚིགས་གྲུམ་ནད་སྔོན་འགོག་བྱེད་པར་ཕན་ཐོགས་ཡོད།
འཚོ་བཅུད་ཁ་སྣོན་བྱེད་དགོས། ཚིལ་སྐྱུར་དང་འཚོ་རྒྱུDའདུས་པའི་ཟས་རིགས་ཟ་དགོས། དཔེར་ན་སན་ཝུན་ཉ་དང་ཡ་མ་སོ་མའི་འབྲུ་གུ་སོགས་ཟོས་ན་རུས་པ་སྲ་བརྟན་དུ་གཏོང་ཐུབ་པར་མ་ཟད། ད་དུང་རུས་ཚིགས་གྲུམ་ནད་ཀྱི་ནད་རྟགས་ཞི་ལྷོད་དུ་གཏོང་ཐུབ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注