ཞིང་ཆེན་ཆུ་བེད་ཐིན་གྱིས་ཐབས་མང་མཉམ་སྤྱོད་སྒོས་དཔྱིད་དུས་ཀྱི་ཞིང་ཆུ་འདྲེན་པར་ཤུགས་ཆེན་པོས་འགན་སྲུང་བྱས།
ཟླ3པའི་ཚེས10ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། དཔྱིད་དུས་ཞིང་ལས་ཐོན་སྐྱེད་ཀྱི་ཆུ་སྤྱོད་དགོས་མཁོར་འགན་སྲུང་བྱེད་ཆེད། ཞིང་ཆེན་ཆུ་བེད་ཐིན་གྱིས་སྔ་མོ་ནས་དམ་འཛིན་བྱས་ཏེ། དཔྱིད་དུས་ཀྱི་ཞིང་ཆུ་འདྲེན་པའི་འགན་སྲུང་བྱ་བར་བཀོད་སྒྲིག་བྱས།
ཆུ་གཏོང་ལས་གཞི་རྒྱུན་ལྡན་ངང་འཁོར་སྤྱོད་བྱེད་ཐུབ་པར་འགན་སྲུང་བྱེད་ཆེད། ཞིང་ཆེན་ཆུ་བེད་ཐིན་གྱིས་རྫོང་རིམ་པའི་ཆུའི་དོ་དམ་ལས་ཁུངས་ལ་མཛུབ་སྟོན་བྱས་ནས་ཞིང་ཆུ་འདྲེན་པའི་སྐོར་གྱི་འཆར་གཞི་དང་ཇུས་གཞི་བཟོས་ཏེ། ཞིང་ཆུ་འདྲེན་ཁུལ་འབྲིང་གྲས་ཀྱི་ཞིང་ཆུ་འདྲེན་པའི་རྩིས་ཐོར་དོ་དམ་བྱེད་པ་དང་། ཕྱོགས་ཡོངས་ནས་ཆུ་གཏོང་སྒྲིག་ཆས་ལ་སྐོར་ཞིབ་བྱེད་པ། ཆུ་འདྲེན་ཡུར་བའི་མ་ལག་དང་སྒྲིག་ཆས་སྒྲིག་བཀོད་ལ་ཞིབ་བཤེར་བཟོ་བཅོས་བྱེད་པ་དང་། ཐབས་ལམ་མང་པོར་བརྟེན་ནས་ཉམས་གསོ་བདག་སྐྱོང་མ་དངུལ་བསྡུ་རུབ་བྱས་ནས། ཆུ་འདྲེན་སྒྲིག་ཆས་དང་གློག་འཕྲུལ་སྒྲིག་ཆས་ཉམས་གསོ་བདག་སྐྱོང་དང་། ཡུར་བ་གཙང་སེལ་སོགས་ཀྱི་བྱ་བ་སྤེལ།
དེ་དང་ཆབས་ཅིག གནམ་གཤིས་ངན་པས་བསྐྱེད་པའི་དོན་རྐྱེན་ཇེ་མང་དུ་འགྲོ་བ་དང་ཇེ་དྲག་ཏུ་འགྲོ་བའི་རྣམ་པར་དོ་སྣང་ཆེན་པོ་བྱས་ཏེ། ཆར་ཆུའི་མང་ཉུང་དང་། བཟོ་ལས་གནས་ཚུལ། ཞིང་ལས་གནས་ཚུལ་ལ་ལྟ་ཞིབ་བྱེད་པར་ཤུགས་བསྣན་ནས། གནམ་གཤིས་ཀྱི་འགྱུར་བ་དང་། ལོ་ཏོག་འདེབས་འཛུགས་ཀྱི་གྲུབ་ཚུལ། ཞིང་ཆུ་འདྲེན་པའི་ཆུ་སྤྱོད་དགོས་མཁོ། ས་རྒྱུའི་བརླན་ཚད། ཆུའི་ཐོན་ཁུངས་ཀྱི་བཀོད་སྒྲིག་སོགས་ལ་ཕྱོགས་བསྡུས་དབྱེ་ཞིབ་དང་བརྡར་གཅོད་བྱས་ཏེ། འབྱུང་སྲིད་པའི་འགལ་རྐྱེན་སྣ་ཚོགས་ལ་དམིགས་ནས་ཐག་གཅོད་བྱེད་ཐབས་དང་། བབ་བསྟུན་བྱེད་ཐབས་བཏོན། ཆུ་མཛོད་དང་ཆུ་བོའི་ཚོད་འཛིན་རང་བཞིན་གྱི་ལས་གཞིའི་ཆུ་འདོན་བཀོད་སྒྲིག་ལ་ཤུགས་བསྣན་ཏེ། ཞིང་སའི་ཆུ་འདྲེན་དང་ཆུ་སྤྱོད་དགོས་མཁོར་འགན་སྲུང་ཏན་ཏིག་བྱས། ཆུ་ལེན་ཆོག་འཐུས་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། ཞིང་སའི་ཆུ་འདྲེན་དང་ཆུ་སྤྱོད་སྡོམ་གྲངས་ལ་ཚོད་འཛིན་དང་བཅད་གྲངས་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་བཀོད་སྤྱོད་ཀྱི་འཆར་གཞི་བཟོས་ཏེ། ཆུ་འདྲེན་ཁུལ་གྱི་ཆུའི་མཁོ་འདོན་གྱི་འགན་ལེན་བྱེད་ཚད་ཏན་ཏིག་གིས་ཇེ་མཐོར་བཏང་།
སྡོམ་རྩིས་བྱས་པ་ལྟར་ན། 2025ལོར། ཞིང་ཆེན་ཡོངས་ཀྱི་ཞིང་ཆུ་འདྲེན་པའི་རྒྱ་ཁྱོན་ཧ་ལམ་མུའུ་ས་ཡ་གཉིས་དང་། ཆུ་བཀོལ་སྤྱོད་ཀྱི་དགོས་མཁོ་ཧ་ལམ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་གསུམ་ཙམ་གྱི་འཆར་གཞི་བཟོས་ཡོད། མིག་སྔར། ཞིང་ཆེན་ཡོངས་ཀྱི་ཆུ་འདྲེན་ལས་འགན་ཁུར་བའི་ཆུ་མཛོད་ཀྱི་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཐེར་འབུམ་གསུམ་དང་དུང་ཕྱུར་བརྒྱད་བྱེ་བ་ལྔ་ས་ཡ་གསུམ་ཡོད་ལ། ས་མུའུ་ས་ཡ་གཉིས་ཙམ་གྱི་ཆུ་འདྲེན་དགོས་མཁོ་སྐོང་ཐུབ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注