ལི་ཆང་ཨ་ཏི་ལའེ་ཏི་རུ་འབྱོར་ནས་ཨོ་སི་ཁྲུ་ལི་ཡར་རྒྱལ་དོན་འཚམས་འདྲི་གནང་མགོ་བརྩམས།

ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སིའི་གདན་ཞུ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ས་དེའི་དུས་ཚོད་ཟླ6པའི་ཚེས15ཉིན་གྱི་ཕྱི་དྲོར་གནམ་གྲུར་བསྡད་དེ་ཨ་ཏི་ལའེ་ཏིའི་གནམ་ཐང་དུ་འབྱོར་ནས་ཨོ་སི་ཁྲུ་ལི་ཡར་རྒྱལ་དོན་འཚམས་འདྲི་གནང་མགོ་བརྩམས།

ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སིའི་གདན་ཞུས་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ས་དེའི་དུས་ཚོད་ཟླ6པའི་ཚེས15ཉིན་གྱི་ཕྱི་དྲོར་གནམ་གྲུར་བསྡད་དེ་ཨ་ཏི་ལའེ་ཏིའི་གནམ་ཐང་དུ་འབྱོར་ནས། ཨོ་སི་ཁྲུ་ལི་ཡར་རྒྱལ་དོན་འཚམས་འདྲི་གནང་མགོ་བརྩམས་པ་དང་། ཙུང་ལི་ཨར་པ་ཉི་སི་དང་མཉམ་དུ། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལིའི་ལོ་འཁོར་གྱི་ཐུག་འཕྲད་རེས་སྐོར་དགུ་པ་གནང་། རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་པ་ཝུའུ་ཀྲིན་ལུང་སོགས་ཕེབས་རོགས་མི་སྣ་གནམ་གྲུར་བསྡད་དེ་མཉམ་དུ་བདེ་བར་འབྱོར།

ཨོ་སི་ཁྲུ་ལི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཧོང་དབྱིན་ཞན་དང་ཨོ་སི་ཁྲུ་ལི་ཡ་ལྷོ་མའི་མངའ་སྡེ་ཡི་དཔོན་པོ་མ་སི་ནའོ། དེ་བཞིན་ཨོ་སི་ཁྲུ་ལི་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཞའོ་ཆན་སོགས་ཀྱིས་གནམ་ཐང་དུ་བསུ་མ་ཞུས།

ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་བར་འགྲོ་འོང་ལོ་རྒྱུས་ཡུན་རིང་ལྡན་ལ། རྒྱལ་ཁབ་གཉིས་ཀའི་མི་དམངས་བར་མཛའ་བརྩེ་ཟབ་མོ་ལྡན། 2014ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡར་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་ནས། རྒྱལ་ཁབ་གཉིས་བར་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་པ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་ཕྱིན་ནས། གཉིས་ཕན་གཉིས་རྒྱལ་དེ་ཕྱོགས་གཉིས་ཀའི་འབྲེལ་བ་ཡི་བརྗོད་དོན་གཙོ་བོར་གྱུར་ཡོད། ན་ནིང་ཙུང་ལི་ཨར་པ་ཉིས་སི་ཡིས་ཀྲུང་གོར་གྲུབ་འབྲས་ཐོབ་པའི་ངང་འཚམས་འདྲི་གནང་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་ཀྱག་ཀྱོག་གི་ཆ་སེལ་ནས་ཡང་བསྐྱར་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་ལོག་ཐུབ་པ་བྱུང་ཡོད། ཕན་ཚུན་བརྩི་འཇོག་དང་མཐུན་པ་ཡོང་ཐབས་འཚོལ་སྙེག་དང་མི་མཐུན་པ་སོར་འཇོག་བྱེད་པ། གཉིས་ཕན་མཉམ་ལས་བཅས་ནི། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཉམས་མྱོང་རྩ་ཆེན་ཞིག་ཡིན་པས། ཉམས་མྱོང་རྩ་ཆེན་འདི་ཉིད་རྒྱུན་འཁྱོངས་དང་དར་སྤེལ་གཏོང་དགོས་པ་ལོ་རྒྱུས་ཀྱིས་ར་སྤྲོད་གསལ་བོ་བྱས་ཡོད།

ལི་ཆང་གིས་བསྟན་དོན། རྒྱལ་ཁབ་གཉིས་བར་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ10འཁོར་བའི་སྐབས་འདིར། ཨོ་སི་ཁྲུ་ལི་ཡའི་མགོ་ཁྲིད་པ་དང་ལས་རིགས་སོ་སོའི་གྲོགས་པོ་བཅས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དང་དེ་བཞིན་མཉམ་དུ་དོ་ཁུར་བྱེད་ཀྱིན་པའི་གནད་དོན་གལ་ཆེན་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་བྱས་ཏེ། མཉམ་ལས་མཉམ་གྲོས་དང་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། མཛའ་བརྩེ་མཉམ་གླེང་བཅས་བྱ་རྒྱུའི་རེ་བ་ཡོད། སྔར་ལས་གནད་ཁེལ་འཐུས་ཚང་དང་བརྟན་བརླིང་གི་རང་བཞིན་ཆེ་བ། སྔར་ལས་གྲུབ་འབྲས་ལྡན་པ་བཅས་ཀྱི། རྒྱལ་ཁབ་གཉིས་ཀའི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་ནི་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་ཐུན་མོང་གི་རྒྱུ་ནོར་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་དེའི་ཐད་འབད་བརྩོན་བྱེད་འདོད་ཡོད།

ལི་ཆང་གིས་ནེའུ་ཙི་ལན་ལ་དངོས་གཞི་འཚམ་འདྲི་མཇུག་སྒྲིལ་རྗེས་ཨ་ཏི་ལའེ་ཏི་རུ་ཕེབས། ཨའོ་ཁི་ལན་དང་ཁ་བྲལ་སྐབས། ནེའུ་ཙི་ལན་གྱི་ཉོ་ཚོང་དང་ཞིང་ལས་པུའུ་ཀྲང་མའེ་ཁི་ལའེ་དང་ནེའུ་ཙི་ལན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་ཝང་ཞའོ་ལུང་སོགས་གནམ་གྲུ་འབབ་ཚིགས་སུ་འབྱོར་ནས་སྐྱེལ་མ་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号