ཞི་ཅིན་ཕིང་གིས་པར་ཙིར་གྱི་ཙུང་ཐུང་གཞོན་པ་ཨར་ཁེ་མིང་དང་མཇལ་འཛོམས་གནང་བ།

འདི་ནི་ཟླ་6ཚེས་7ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་པར་ཙིར་གྱི་ཙུང་ཐུང་གཞོན་པ་ཨར་ཁེ་མིང་དང་མཇལ་འཛོམས་གནང་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་7ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་པར་ཙིར་གྱི་ཙུང་ཐུང་གཞོན་པ་ཨར་ཁེ་མིང་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་པར་ནི་བློ་སེམས་གཅིག་མཐུན་གྱི་གྲོགས་པོ་བཟང་པོ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་རོགས་ཟླ་བཟང་པོ་རེད། ན་ནིང་ཟླ་བ་4པར་ང་དང་ཙུང་ཐུང་ལུའུ་ལཱ་དབར་དུས་རབས་གསར་པའི་ཀྲུང་པར་འབྲེལ་བའི་འབྱུང་འགྱུར་གསར་པ་གཏོད་པར་སྣེ་ཁྲིད་བྱ་རྒྱུར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ལོ་གཅིག་ལྷག་ཙམ་རིང་ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག རྒྱལ་ཁབ་གཉིས་པོའི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ། རྒྱལ་སྤྱིའི་ཐོག་མཉམ་ལས་དམ་ཟབ་བཅས་བྱས་པས་རང་སོ་སོའི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ་མ་ཟད། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་ཡང་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འཕྲད་བཞིན་ཡོད་པས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཀྲུང་པར་རྒྱལ་ཁབ་གཉིས་པོར་ཐུན་མོང་གི་འཐབ་ཇུས་ཁེ་ཕན་རྒྱ་ཁྱབ་ཏུ་ལྡན་ཞིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ལས་ཆེས་ཆེར་བརྒལ་བ་དེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་དང་དེ་བཞིན་འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་བར་དཔེ་སྟོན་གྱི་དོན་སྙིང་ལྡན་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཐབ་ཇུས་རང་བཞིན་ལ་སྟངས་འཛིན་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གཉིས་ཕན་རང་བཞིན་ཆེ་རུ་གཏོང་བ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྱོན་ཡོངས་རང་བཞིན་མངོན་པར་བྱེད་པ། འཐབ་ཇུས་མཉམ་ལས་ཟམ་མི་ཆད་པར་དམ་ཟབ་བཅས་བྱས་ཏེ་ཀྲུང་པར་མཛའ་གྲོགས་ལ་དུས་རབས་ཀྱི་ནང་དོན་གསར་པ་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་ཕྱོགས་དང་མུ་མཐུད་གཞན་གྱི་སྔོན་ལ་བྱེད་ཕོད་པའི་གསར་གཏོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ་དང་། སྔར་བས་རྒྱང་ལྟའི་རང་བཞིན་གྱི་མིག་རྒྱང་ཐོག་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་འཐབ་ཇུས་འཆར་འགོད་ཡག་པོ་བྱེད་པ། ཀྲུང་པར་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཕུགས་ཀྱི་དམིགས་ཚད་ཁ་གསལ་བཟོ་བ། ཀྲུང་གོ་དང་པར་ཙིར་གྱི་མཐོ་རིམ་མཐུན་སྦྱོར་དང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ལྗང་མདོག་དཔལ་འབྱོར་དང་། གྲངས་འཛིན་དཔལ་འབྱོར། གསར་གཏོད་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་པར་ཙིར་གྱི“བཟོ་ལས་ཅན་བསྐྱར་མ”དང“མེ་གླིང་ལྷོ་མ་གཞི་གཅིག་ཅན་གྱི་ལམ་ཕྱོགས”སོགས་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བྱས་ཏེ་ཁྲིམས་འཛུགས་སྒྲིག་གཞི་དང་། སྲིད་ཏང་། ས་གནས། རིག་གནས། སློབ་གསོ། ཡུལ་སྐོར། གཞོན་ནུ་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཀྲུང་པར་མཉམ་ལས་ལ་མཛའ་མཐུན་གྱི་སྟོབས་ཤུགས་དེ་བས་མང་བ་གཅིག་སྡུད་བྱེད་པ་དང་འདེགས་སྐྱོར་ནུས་ལྡན་དེ་བས་མང་བ་མཁོ་འདོན་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་གར་སྟེགས་ཐོག་པར་ཙིར་གྱིས་ནུས་པ་དེ་བས་ཆེ་བ་འདོན་པར་རྒྱབ་སྐྱོར་བྱ་རྒྱུ་དང་པར་ཙིར་གྱིས་འདི་ལོའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཡག་པོ་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། པར་ཙིར་ཚུད་པའི་ལ་ཏིང་མེ་གླིང་གཅིག་མཐུན་ཚོགས་པའི་ཕྱོགས་ཁག་དང་འབྲེལ་གཏུགས་དམ་ཟབ་བྱས་ནས་དུས་རབས་གསར་པའི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཨར་ཁེ་མིང་གིས་ཙུང་ཐུང་ལུའུ་ལཱ་ཡིས་ཞི་ཅིན་ཕིང་ལ་གནང་བའི་མཛའ་བརྩེའི་འཚམས་འདྲི་བརྒྱུད་སྤྲོད་བྱས་ཤིང་། ཁོང་གིས། ཁ་སང་ང་དང་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པར་ཙིར་དང་ཀྲུང་གོའི་མཐོ་རིམ་མཐུན་སྦྱོར་དང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པ་གཙོ་སྐྱོང་བྱས་པ་དེར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་མི་དམངས་དུང་ཕྱུར་ཁ་ཤས་དབུལ་པོའི་གནས་ལས་བསྒྲལ་བ་དེ་འཛམ་གླིང་གི་ངོ་མཚར་ཞིག་རེད་ཅེས་བརྗོད་ཆོག་ལ། འབྲེལ་ཡོད་ཉམས་མྱོང་དེ་པར་ཙིར་གྱིས་དཔྱད་གཞིར་འཛིན་པའི་དོན་སྙིང་གལ་ཆེན་ཡང་ལྡན་ཡོད། པར་ཙིར་སྲིད་གཞུང་གིས་བསྟུན་མཁས་དང་རྒྱུན་མཐུད་ཆོག་པའི་འཕར་རྒྱུ་མངོན་འགྱུར་བྱེད་པར་གཞོལ་བཞིན་ཡོད་པ་དང་ཀྲུང་གོ་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོའི་ཁེ་ལས་དེ་བས་མང་བ་པར་ཙིར་ལ་མ་འཇོག་བྱེད་པར་ཡོང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཞིང་ལས། གཏེར་ཐོན། ནུས་རྒྱུ་གསར་པའི་རླངས་འཁོར། དེ་བཞིན་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། པར་ཀྲུང་གཉིས་ཀས་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་ལ་སྲུང་སྐྱོང་བྱེད་པར་གཞོལ་བཞིན་ཡོད་པས། གནད་དོན་གལ་ཆེན་མང་པོའི་ཐད་འདུ་ཤེས་གཅིག་མཐུན་ཡིན་པ་དང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་བ་དང་མདུན་ལམ་ཡང་ཆེན་པོ་ཡོད་ཅེས་བརྗོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号