ཀྲུང་གོ་དང་ཧཱ་སག་སི་ཐན་གྱིས་ཕྱི་འབྲེལ་བློན་ཆེན་གྱི་འཐབ་ཇུས་གྲོས་མོལ་ཐེངས་གཉིས་པ་སྤེལ།
ཟླ4བའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱེ་ཡིས་ཨ་ལཱ་མུའུ་ཐུའུ་ནས་ཧཱ་སག་སི་ཐན་གྱི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ནོའུ་ཨར་ཐི་ལེ་ཝུའུ་དང་མཉམ་དུ་ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་གྱི་འཐབ་ཇུས་གྲོས་མོལ་ཐེངས་གཉིས་པ་སྤེལ།
རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཕྱོགས་གཉིས་དང་ཕྱོགས་མང་བོའི་མཉམ་ལས་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་རྒྱ་ཆེར་བྱུང་།
ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ཀྲུང་གོ་དང་ཧཱ་སག་སི་ཐན་གྱིས་ཁེ་ཕན་གཅིག་འདྲེས་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ཀྲུང་གོ་དང་ཧཱ་སག་སི་ཐན་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་དུས་རབས་ཀྱི་འཕེལ་རྒྱས་རླབས་རྒྱུན་དང་མཐུན་ཞིང་། མུ་མཐུད་དུ་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་བསྐྱེད་དེ། སྔ་མོ་ནས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་གཏན་འཁེལ་བྱས་པའི་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་ལྡབ་འགྱུར་གྱིས་འཕར་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་པ་དང་། ནུས་ཁུངས་མཉམ་ལས་རྒྱ་བསྐྱེད་ནས་ཐོན་ལས་མུ་འབྲེལ་མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས་ལ། གཅིག་འབྲེལ་གཅིག་བརྟེན་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས་མངའ་ཁོངས་བརྒལ་བའི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། མིས་བཟོས་རིག་ནུས་དང་གཞི་གྲངས་དཔལ་འབྱོར་སོགས་གསར་གཏོད་མཉམ་ལས་ལ་གཏིང་ཟབ་ཏུ་གྲོས་བསྡུར་བྱས་ནས། རང་རང་གི་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་ཁ་སྣོན་བྱེད་དགོས་པར་མ་ཟད། མཉམ་དུ་ཕྱོགས་གསུམ་སྟོབས་ཤུགས་ལ་ཆམ་ཕབ་གཏོང་བ་དང་ས་ཁུལ་རང་གི་བདེ་འཇགས་འགོག་ཡོལ་སྲ་བརྟན་དུ་གཏོང་དགོས་པར་འདོད།
ཕྱོགས་གཉིས་ཀྱིས་བལྟས་ན། ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་དག་རི་ཆུ་གཅིག་ཏུ་འབྲེལ་ཞིང་སྐྱིད་སྡུག་མཉམ་མྱོང་བྱེད་བཞིན་ཡོད། མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་ནས་གྲུབ་འབྲས་བཟང་བོ་ལོན་པར་མཉམ་དུ་སྐུལ་འདེད་གཏོང་དགོས་པ་དང་། ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་རྩེ་ཚོགས་སྐབས་གཉིས་པར་གྲ་སྒྲིག་གང་ལེགས་བྱས་ཏེ། ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་མཉམ་ལས་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་དགོས་པར་འདོད།
ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་ཀྱི་སྒྲོམ་གཞིའི་ནང་གི་འབྲེལ་འདྲིས་རོགས་ལས་ལ་ཤུགས་སྣོན་བྱས་ཏེ། རང་དབང་ཉོ་ཚོང་དང་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ལ་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་གཅིག་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པ། ཀུན་གྱིས་ཁས་ལེན་པའི་རྒྱལ་སྤྱིའི་སྒྲིག་སྲོལ་དང་རྒྱལ་སྤྱིའི་འདྲ་མཉམ་དང་དྲང་བདེན་ལ་སྲུང་སྐྱོབ་བྱས་ནས། ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་རྒྱུ་རེད།
གྲོས་མོལ་བྱས་རྗེས་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཡི་མཉམ་ལས་བཟོད་སྒོམ་བརྗེད་ཐོ་སོགས་ཡིག་ཆ་བཀོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注