ཁཱ་ནཱ་ཏཱའི་ཙུང་ལི་ཡིས་སྔ་སྣུར་གྱིས་རྒྱལ་ཕྲན་མཉམ་འབྲེལ་གྱི་འདེམ་བསྐོའི་བྱ་འགུལ་ཆེན་མོ་སྤེལ་རྒྱུ་ཁྱབ་བསྒྲགས་བྱས།

ཁཱ་ནཱ་ཏཱའི་ཙུང་ལི་ཁཱ་ནེ་ཡིས་ཚེས23ཉིན་ཁྱབ་བསྒྲགས་བྱས་དོན། གྲོས་ཁང་གཏོར་ནས་སྔ་སྣུར་གྱིས་སྐབས་ཞེ་ལྔ་བའི་རྒྱལ་ཕྲན་མཉམ་འབྲེལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་ཡིན་ཟེར།

ཁཱ་ནེ་ཡིས་ཉིན་དེར་ཁཱ་ནཱ་ཏཱའི་ཙུང་ཏུའུ་མཱ་ལོས་ཞི་མིན་ལ་ཐུག་འཕྲད་བྱས་པ་དང་། མཱ་ལོས་ཞི་མིན་འཐད་པ་བྱུང་རྗེས་གོང་གི་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་པ་རེད། ཉིན་རིམ་བཀོད་སྒྲིག་ལྟར་ན། འདེམ་བསྐོའི་བྱ་འགུལ་དེ་ཉིན36རིང་སྤེལ་རྒྱུ་ཡིན་པ་དང་། འདེམ་ཤོག་འཕེན་པའི་ཉིན་ནི་ཟླ4བའི་ཚེས28ཡིན། འདེམ་བསྐོའི་སྐབས་སུ་ཁཱ་ནེ་ཡི་ནེ་ཀི་དེ་ལྟ་སྐྱོང་ནེ་ཀིར་འགྱུར་སྲིད་ཟེར།

ཁཱ་ནེ་ཡིས་གཏམ་བཤད་སྤེལ་སྐབས་བསྟན་དོན། ཁཱ་ནཱ་ཏཱའི་མིའི་དབང་ས་བསྩལ་ནས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་བར་འབྲེལ་འདྲིས་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས་ཁཱ་ནཱ་ཏཱའི་མི་ཚང་མར་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ཙུང་ཐུང་ཐི་ལིང་ཕུའུ་ཡི་ལུགས་མཐུན་མིན་པའི་ཉོ་ཚོང་བྱ་སྤྱོད་ལས་ང་ཚོའི་བདག་དབང་ལ་འཇིགས་ཉེན་ཐེབས་པ་དང་། ང་ཚོ་ཚེ་གང་བོའི་ཆེས་ཆེ་བའི་ཉམས་ཉེན་ལ་འཕྲད་ཡོད་ཟེར། ཁཱ་ནེ་ཡིས་བཤད་རྒྱུར། ང་ཚོས་ངེས་པར་དུ་སྟོབས་དང་ལྡན་པའི་དཔལ་འབྱོར་དང་བདེ་འཇགས་ཡོད་པའི་ཁཱ་ནཱ་ཏཱ་རྒྱལ་ཁབ་འཛུགས་དགོས། ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཁཱ་ནཱ་ཏཱ་ནི་ངེས་པ་དོན་གྱི་རྒྱལ་ཁབ་ཅིག་མིན་པར་བརྗོད་ལ། ཁོས་ང་ཚོ་ཕམ་ཉེས་སུ་གཏོང་འདོད་ཡོད་པ་དང་། དེ་ལྟར་བྱས་ན་ཨ་མེ་རི་ཁས་ང་ཚོ་ཚོད་འཛིན་བྱས་ཆོག་པས་རེད། ང་ཚོས་ཁོའི་བསམ་སྦྱོར་ངན་པ་དེ་དོན་སྨིན་ཡོང་དུ་འཇུག་མི་རུང་ཟེར།

ཁཱ་ནེ་ལ་ཚེས9ཉིན་ཁྱད་སྟོབས་ཆེན་པོས་ཁཱ་ནཱ་ཏཱའི་སྲིད་འཛིན་ཏང་རང་དབང་ཏང་གི་མགོ་ཁྲིད་པ་གསར་བར་བསྐོ་འཇོག་བྱས་པ་དང་། ཚེས14ཉིན་དམ་བཅའ་བཞག་སྟེ་ཁཱ་ནཱ་ཏཱའི་ཙུང་ལིའི་འགན་ཁུར་བར་མ་ཟད་ནེ་ཀི་རྩ་འཛུགས་བྱས་ཀྱང་། ཁོར་གྲོས་ཁང་གི་ལས་གནས་ཐོབ་མེད་པ་རེད།

ཁཱ་ནཱ་ཏཱའི་བག་འཁུམ་ཏང་གི་གཙོ་འཛིན་པའོ་ལེ་ཨེ་ཧྥུའུ་ཨར་གྱིས་ཚེས23ཉིན་ཏང་ཁག་དེའི་འགྲན་རྩོད་བྱ་འགུལ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཁོས་གཏམ་བཤད་སྤེལ་སྐབས་ཐི་ལིང་ཕུའུ་ལ་ངོ་རྒོལ་བྱེད་པ་དང་ཁོས་ཁཱ་ནཱ་ཏཱ་མངའ་འོག་ཏུ་བསྡུ་བའི་སྐོར་གྱི་འཇིགས་ཉེན་དེར་ངོ་རྒོལ་བྱེད་དགོས་ལ། ཁཱ་ནཱ་ཏཱ་དེ་དུས་ནམ་ཡང་ཨ་མེ་རི་ཁའི་མངའ་སྡེ་ང་གཅིག་པར་འགྱུར་མི་སྲིད་ཟེར། དམངས་ཀྱི་འདོད་བློར་རྟོག་ཞིབ་བྱས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། རང་དབང་ཏང་དང་བག་འཁུམ་ཏང་གི་རྒྱབ་སྐྱོར་གྱི་ཚད་ཕལ་ཆེར་གཅིག་འདྲ་རེད།

ཁོའུ་པེ་ཁི་སྡེ་ཚོགས་དང་དམངས་གཙོ་གསར་བའི་ཏང་། ལྗང་མདོག་ཏང་སོགས་སྲིད་ཏང་གིས་ཉིན་དེར་སོ་སོར་འགྲན་རྩོད་བྱ་འགུལ་སྤེལ་མགོ་བརྩམས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号