ཙམ་པབ་ཝེའི་ཙུང་ཐུང་གཞོན་པས་ཀྲུང་གོས་ཐེངས་མང་བོར་རོགས་སྐྱོར་བྱས་པ་ལས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་བརྩེ་ཟབ་མོ་ཡོད་པ་མཚོན་ཡོད་པའི་ཚུལ་བསྟན།
ཙམ་པབ་ཝེའི་ཙུང་ཐུང་གཞོན་པ་ནཱ་ལུའུ་མན་ཀི་ཡིས་ཚེས17ཉིན་ཙམ་པབ་ཝེའི་གནོད་འགོག་གནོད་སེལ་ཁང་གིས་སྤེལ་བའི་ཙམ་པབ་ཝེའི་ཀྲུང་གོ་བའི་སྤྱི་ཁྱབ་ཚོགས་པས་གནོད་འགོག་རྒུད་སྐྱོབ་དངོས་རྫས་ཞལ་འདེབས་སུ་འབུལ་བའི་མཛད་སྒོའི་སྟེང་བསྟན་དོན། ཀྲུང་གོས་ཐེངས་མང་བོར་རོགས་སྐྱོར་བྱས་པ་ལས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་བརྩེ་ཟབ་མོ་ཡོད་པ་དང་ཀྲུང་གོ་དང་ཙམ་པབ་ཝེ་ནི་ལས་སྐལ་གཅིག་མཐུན་ཚོགས་པ་ཡིན་པ་མཚོན་ཡོད་ཟེར།
ནཱ་ལུའུ་མན་ཀི་ཡིས་བཤད་རྒྱུར། ཐེངས་འདིའི་ཞལ་འདེབས་དེ་ཙམ་པབ་ཝེའི་གནོད་ཐེབས་མང་ཚོགས་བཀོད་སྒྲིག་དང་གནོད་ཐེབས་ས་ཁུལ་གྱི་བསྐྱར་འཛུགས་ཐད་དོན་སྙིང་གལ་ཆེན་ལྡན་པ་དང་། ཀྲུང་གོའི་མི་སེམས་དྲོ་བའི་བྱ་སྤྱོད་དེར་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བཞིན་ཡོད། དུས་ཡུན་རིང་བོར། ཙམ་པབ་ཝེ་དང་ཀྲུང་གོའི་ཁེ་ལས་དང་ཀྲུང་གོ་བ་ཚོས་ཙམ་པབ་ཝེ་རང་གི་ཁྱིམ་དུ་བྱས་ཏེ། རང་ངོས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཞོར་དུ་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱས་ནས། ཙམ་པབ་ཝེའི་དམངས་འཚོའི་ཕན་བདེ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་བཞིན་ཡོད་ཟེར།
ཙམ་པབ་ཝེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གཞུང་ཚབ་པ་ཚབ་མ་ཝང་ཧྲིན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཀྲུང་གོ་དང་ཙམ་པབ་ཝེ་རྒྱལ་ཁབ་གཉིས་ཀྱིས་དུས་ཡུན་རིང་བོར་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རེས་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཙམ་པབ་ཝེའི་མི་དམངས་ལ་ཆུ་ལོག་གི་གནོད་འཚེ་ཐེབས་པར་སེམས་ཁུར་བྱེད་བཞིན་ཡོད་ལ། གཞུང་ཚབ་ཁང་གི་འབོད་སྐུལ་འོག་ཙམ་པབ་ཝེའི་ཀྲུང་གོ་བ་དང་ཁེ་ལས་ཀྱིས་ཞལ་འདེབས་ཕུལ་ཏེ་ཙམ་པབ་ཝེ་ཡི་གནོད་འགོག་རྒུད་སྐྱོབ་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་མ་ཟད། དོན་དངོས་བྱ་སྤྱོད་ལས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ལག་བསྟར་བྱས་ཡོད་ཟེར།
ཙམ་པབ་ཝེའི་ཀྲུང་གོ་བའི་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་ཀྲང་ཅན་གྱིས་གཏམ་བཤད་སྤེལ་སྐབས་བསྟན་དོན། ཐེངས་འདིའི་ཞལ་འདེབས་ནི་ཀྲུང་གོའི་ཁེ་ལས་ཀྱིས་གནོད་ཐེབས་མང་ཚོགས་ལ་རེ་བ་དང་བརྩེ་སེམས་སྟོན་པའི་བྱ་བ་ཞིག་ཡིན་ཟེར།
ད་ལོའི་ཚུན་ལ། ཙམ་པབ་ཝེའི་རྒྱལ་ས་ལུའུ་སཱ་ཁཱ་སོགས་སུ་བསྟུད་མར་ཆར་བ་བབས་པ་ལས་ཆུ་ལོག་གི་གནོད་འཚེ་བྱུང་སྟེ། ས་ཁུལ་མང་བོའི་མང་ཚོགས་ལ་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注