ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་བོའི་ཇུས་འདོན་དཔོན་པོས་ཝུའུ་ཁི་ལན་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་པར་གྲོས་བསྡུར་བྱས།
ནུབ་ཕྱོགས་རྒྱལ་ཁབ་མང་བོའི་དམག་དཔུང་གི་ཇུས་འདོན་དཔོན་པོས་ཚེས11ཉིན་ཧྥ་རན་སིའི་ཕཱ་རེ་སི་ནས་གསང་བའི་གྲོས་ཚོགས་བསྡུས་ཏེ། གལ་ཏེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་བཞག་ན། ཇི་ལྟར་ཝུའུ་ཁི་ལན་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་པར་གྲོས་བསྡུར་བྱས།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ནི་ཉིན་དེར་ཚོགས་མགོ་བརྩམས་པའི་ཕཱ་རེ་སིའི་འགོག་སྲུང་དང་འཐབ་ཇུས་གླེང་སྟེགས་ཀྱི་བར་སྐབས་ནས་སྤེལ་བ་ཡིན་ཞིང་། རྒྱལ་ཁབ་སུམ་ཅུ་ལྷག་གི་འཐུས་མི་ཞུགས་ཡོད། མང་ཆེ་བ་ནི་ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པ་དང་། གཞན་ཡང་འཇར་པན་དང་ཨོ་སི་ཁྲུ་ལི་ཡཱ་སོགས་རྒྱལ་ཁབ་ཀྱི་འཐུས་མི་དྲ་ཐོག་བརྒྱུད་དེ་ཞུགས་ཡོད་ཟེར། བསྒྲགས་པའི་གནས་ཚུལ་ལས་གདན་ཞུས་ལྟར་ཚོགས་འདུར་ཞུགས་པའི་རྒྱལ་ཁབ་ཀྱིས་ཚད་མི་འདྲ་བའི་སྒོ་ནས་ཝུའུ་ཁི་ལན་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད་ཟེར།
ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚོགས་འདུ་གྲོལ་རྗེས་འདོན་སྤྲོད་བྱས་པའི་གནས་ཚུལ་ལྟར་ན། ཚོགས་ཞུགས་མཁན་དག་གིས་བལྟས་ན། ཝུའུ་ཁི་ལན་ལ་དུས་ཡུན་རིང་བོར་བློ་གཏོད་རུང་བའི་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་དགོས་པ་དང་། དེའི་ཞོར་དུ་བདེ་འཇགས་འགན་སྲུང་དེ་བྱང་ཆིངས་རྩ་འཛུགས་དང་འབྲེལ་བ་མེད་པར་བྱེད་དགོས་པར་འདོད། བསྒྲགས་པ་ལྟར་ན། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གྲོས་ཚོགས་སྐོར་ཞིག་གི་གྲོས་བསྡུར་ལ་ཞུགས་པ་དང་། ཁོས་བསྟན་དོན། ཝུའུ་ཁི་ལན་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་པ་དེ་རེ་འདུན་ཙམ་ནས་འཆར་གཞིར་བཟོས་ནས་ལག་བསྟར་བྱེད་དགོས་པ་དང་། དེ་ཝུའུ་ཁི་ལན་གྱི་ཆེད་ཡིན་པར་མ་ཟད་ཡོ་རོབ་གླིང་རང་ངོས་ཀྱི་ཆེད་ཀྱང་ཡིན་ཟེར།
གཞན་ཡང་ཧྥ་རན་སིའི་དམག་ཕྱོགས་མི་སྣས་བཤད་རྒྱུར། ཨ་མེ་རི་ཁར་གདན་ཞུ་འབྱོར་མེད་པ་དང་། ཡོ་རོབ་གླིང་གིས་ཐེངས་འདིའི་གོ་སྐབས་དང་བསྟུན་ནས། མ་འོངས་པར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་འཁྲུག་རྩོད་མཚམས་བཞག་རྗེས། ཡོ་རོབ་གླིང་གིས་ཚད་ངེས་ཅན་ཞིག་གི་སྟེང་ཝུའུ་ཁི་ལན་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ནུས་པ་ཡོད་པ་གསལ་བོར་སྟོན་རྩིས་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注