འགྲོ མཚོ་སྔོན་པོའི་མཚོ་དར་འཕེན་པའི་ངོ་མཚར་ལྟད་མོར་བལྟ་རུ་འགྲོ
ཡངས་ཤིང་རྒྱ་ཆེ་བའི་མཚོ་བོད་མཐོ་སྒང་གི་བྱང་ཤར་རྒྱུད་ན་འོད་མདངས་བཀྲ་བའི་མུ་ཏིག་ལྡོག་གཅིག་སྟེ་ངོ་མཚར་སྟོང་གིས་ཕྱུག་པའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོའམ་མཚོ་སྔོན་པོའི་ཕྲ་རྒྱན་བཏབ་ཡོད། ལོ་རེ་རེར། དུས་ཚིགས་ཀྱི་འཁོར་རྒྱུག་དང་བསྟུན་ནས། བླ་མཚོ་སྔོན་མོས་མི་རྣམས་ལ་ཡ་མཚར་པའི་རང་བྱུང་ཁམས་ཀྱི་འགྱུར་བ་སྣ་ཚོགས་གར་དུ་འཁྲབ་པ་བཞིན་གནས་འདི་ནས་ངོ་མཚར་གྱི་འཁྲབ་སྟོན་བྱེད་བཞིན་ཡོད། ལྷག་པར་མཚོ་སྔོན་པོ་མཚོ་དར་ཆགས་པ་དང་མཚོ་དར་འཕེན་པའི་རང་བྱུང་གི་མཛེས་པ་འདི་ལ་ས་གནས་མི་དམངས་གཙོ་བྱས་པའི་ཕྱོགས་བཞིའི་ཡུལ་སྐོར་བ་ཀུན་གྱི་སེམས་ཀྱི་རེ་སྨོན་བྱེད་ས་དང་ཡིད་ཀྱི་དངས་བ་འདྲེན་ས་རུ་གྱུར་ཡོད།
དགུན་དུས་ཀྱི་མཚོ་སྔོན་པོ་ནི་དངུལ་དཀར་གྱིས་ན་བཟའ་མནབས་པའི་གངས་འཁྱགས་ཀྱི་འཇིག་རྟེན་ཞིག་དང་འདྲ་བར་མཚོ་ཆེན་ཧྲིལ་བོ་དར་གྱིས་བསྡམས་ཡོད། ཡིན་ཡང་། ཡུན་རིང་དགུན་ཉལ་བྱས་པའི་མཚོ་མོར་དཔྱིད་དཔལ་གྱི་གཟི་མདངས་ལུས་ལ་བརྒྱན་ནས་གསོན་ཤུགས་གསར་བ་ཞིག་དང་ཚེ་སྲོག་གསར་བ་ཞིག་གི་འགྲུལ་བཞུད་ཀྱི་ལམ་ལ་བསྐྱོད་པར་བྲེལ་ཞིང་། དཔྱིད་དཔལ་ལྷ་མོའི་འབོད་སྐུལ་དང་དཔྱིད་རླུང་དལ་མོས་ལྡང་ཕྱོགས་ཀྱིས་མཚོ་སྔོན་པོས་མུ་མེད་རླབས་ཕྲེང་དགུང་ལ་འཕྱོ་བའི་སྒེག་ཉམས་སྟོན་བཞིན་མཚོ་དར་འཕེན་པའི་མཛེས་སྡུག་གི་ལེའུ་དེ་ཡང་འགྲོ་བ་ཀུན་གྱི་སྤྱན་ངར་ཕུལ་བཞིན་ཡོད།
ཚང་མས་ཤེས་གསལ་ལྟར། མཚོ་སྔོན་པོའི“མཚོ་དར་འཕེན་པ”ལ“ཞི་བ”དང“དྲག་པོ”གཉིས་སུ་དབྱེ་ཡོད་ཅིང་། དེ་གཉིས་ལ་ཐུན་མོང་མ་ཡིན་པའི་ལྟད་མོ་དང་ཡིད་དབང་འཕྲོག་ཤུགས་ཡོད་པ་དང་། “ཞི་བའི་ངང་འཕེན་པ”ཞེས་པ་ནི་ནམ་ཟླ་ཇེ་དྲོ་ལ་ཕྱིན་པ་དང་བསྟུན་ནས་མཚོ་དར་ནི་ཤེས་མེད་ཚོར་མེད་ངང་རིམ་བཞིན་ཞུ་ནས་མེད་པར་འགྲོ་བ་དང་། དེ་ལ་ཞི་འཇམ་གྱི་ཕྱོགས་ཤིག་མངོན་སྲིད། “དྲག་པོའི་ངང་འཕེན་པའི”སྐབས། གས་ཆག་ཤོར་བའི་མཚོ་དར་རྣམས་རླུང་ཆེན་མོའི་ཤུགས་རྐྱེན་འོག ཕན་ཚུན་རྡུང་ཐུག་དང་བཙིར་བརྡར་བྱས་པ་ལས་བྱུང་བའི་སྒྲ་ཆེན་པོ་ནི་ཐོག་ཆེན་པོས་གནམ་ས་བཀད་པའམ་ཡང་ན་རྟ་མཆོག་ཁྲི་སྟོང་གིས་རྨིག་སྒྲ་སྒྲོག་པ་བཞིན་རང་བྱུང་ཁམས་ཆེན་མོས་བརྗིད་ཉམས་ལྡན་པའི་རོལ་དབྱངས་དཀྲོལ་པ་དང་འདྲ།
མཚོ་དར་འཕེན་སྟངས་ལ“ཞི་བ”འམ་ཡང་ན“དྲག་པོ”བྱུང་བ་གཙོ་བོ་ནི་ནམ་ཟླའི་དྲོད་ཚད་དང་རླུང་ཤུགས་ཀྱི་རིམ་པ་འབྲེལ་བ་གལ་ཆེན་ཡོད་ཅིང་། མཚོ་དར་འཕེན་པའི་སྐབས་ནམ་ཟླའི་དྲོད་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་མཚོ་དར་ཞུ་ཚད་ཀྱང་ཇེ་མགྱོགས་སུ་འགྲོ་བ་ཡིན། སྐབས་དེར། གལ་ཏེ་རླུང་ཤུགས་ཅུང་ཆུང་ན་མཚོ་དར་རིམ་བཞིན་ཞུ་བ་ཡིན། དེ་ལ“ཞི་བའི་ངང་འཕེན་པ”ཞེས་ཟེར་བ་དང་། གལ་ཏེ་སྐབས་དེར་རླུང་ཤུགས་ཇེ་ཆེར་གྱུར་པ་ཡིན་ན། རླུང་ཤུགས་ཀྱིས་མཚོ་དར་ལ་གས་སྲུབས་དང་ཆག་དུམ་ཤོར་དུ་བཅུག་ནས་དུམ་བུ་མང་བོར་བཏང་སྟེ་མཚོ་དར་ཞུ་ཚད་ཇེ་མགྱོགས་སུ་གཏོང་བ་ལ“དྲག་པོའི་ངང་འཕེན་པ”ཞེས་ཟེར་བ་ཡིན།
མཚོ་སྔོན་པོའི་མཚོ་དར་འཕེན་པ་ནི་རང་བྱུང་གི་ངོ་མཚར་ཆེ་བའི་ལྟད་མོ་ཞིག་ཡིན་པར་མ་ཟད་རང་བྱུང་ཁམས་ཀྱིས་ཚེ་སྲོག་ལ་ལེགས་སྐྱེས་ཕུལ་བ་ཞིག་ཀྱང་ཡིན། དེས་དགུན་ཟླ་རིང་མོ་མཇུག་རྫོགས་པ་དང་དཔྱིད་དཔལ་གསར་བའི་གཟི་དཔལ་རྒྱས་པ་མཚོན་ལ། ཚེ་སྲོག་གི་འཁོར་བ་དང་རྒྱུན་མཐུད་པ་ཡང་མཚོན་ཐུབ། མཚོ་སྔོན་པོའི་ལྗང་མདོག་གི་རླབས་ཕྲེང་དགུང་ལ་འཕྱོ་བ་དང་འདབ་ཆགས་མང་བོས་ལྡིང་སྐོར་བྱེད་པའི་མཛེས་སྡུག་གི་སྣང་བརྙན་རེ་རེར་ང་ཚོས་མིག་གིས་ཚོར་ལ་སེམས་ཀྱིས་མྱོང་ཆོག
གནོང་འགྱོད་དང་ལེ་བདའ་མེད་པར་ད་ནི་ལམ་ལ་ཆས་དང་། ང་ཚོ་མཚོ་སྔོན་པོའི་མཚོ་དར་འཕེན་པའི་རང་བྱུང་ཁམས་ཀྱི་མཛེས་པ་འཚོལ་དུ་འགྲོ། ཟླ3པའི་ཚེས20ཉིན་ཏེ། མཚོ་སྔོན་པོའི་མཚོ་དར་འཕེན་པའི་དུས་ཚིགས་ལ། ང་ཚོ་རྐང་ཚ་རྫོང་ལྷ་ཆབ་ཁུག་ནས་འཛོམས་ཡོང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注