ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་སོ་ཏི་ཨ་རབ་ཀྱི་གྲོས་མོལ་ནས་གནས་སྐབས་འཁྲུག་རྩོད་མཚམས་འཇོག་པ་དང་བདེ་འཇགས་རོགས་སྐྱོར་སོགས་ཀྱི་ཐད་ནས་ཐུན་མོང་ལྟ་ཚུལ་བྱུང་།
ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་ཚེས11ཉིན་གྱི་དགོང་མོར་སོ་ཏི་ཨ་རབ་ཀྱི་ཅི་ཏཱ་གྲོང་ཁྱེར་ནས་སྤེལ་བའི་གྲོས་མོལ་མཇུག་སྒྲིལ་བ་དང་། ཕྱོགས་གཉིས་ཀྱིས་གནས་སྐབས་འཁྲུག་རྩོད་མཚམས་འཇོག་པ་དང་གསང་འཕྲིན་མཉམ་སྤྱོད་སླར་གསོ་བྱེད་པ། བདེ་འཇགས་རོགས་སྐྱོར་སོགས་གྲོས་གཞིའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བཀོད་པ་ཁྱབ་བསྒྲགས་བྱས།
གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལྟར་ན། ཝུའུ་ཁི་ལན་གྱིས་ཨ་མེ་རི་ཁས་བཏོན་པའི་མྱུར་མོར་ཉིན་སུམ་ཅུའི་རིང་གནས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱེད་འདོད་ཡོད་པའི་ཚུལ་བསྟན། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ཕྱོགས་གཉིས་འཐད་པ་བྱུང་བའི་གནས་ཚུལ་འོག་ཡུན་བསྲིང་ཆོག་པ་དང་། ཨུ་རུ་སིས་དང་ལེན་བྱས་ཏེ་དུས་མཉམ་དུ་ལག་བསྟར་བྱེད་དགོས། ཨ་མེ་རི་ཁ་ཕྱོགས་ཀྱིས་མྱུར་མོར་ཝུའུ་ཁི་ལན་གྱི་གསང་འཕྲིན་མཉམ་སྤྱོད་སླར་གསོ་བྱས་ཏེ། ཝུའུ་ཁི་ལན་གྱི་བདེ་འཇགས་རོགས་སྐྱོར་སླར་གསོ་བྱེད་རྒྱུ་རེད།
ཕྱོགས་གཉིས་ཀྱི་འཐུས་ཚབ་ཚོགས་པས་ད་རུང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་བའི་ཞི་བདེའི་འཕེལ་རིམ་གྱི་གལ་ཆེན་རང་བཞིན་ལ་གྲོས་བསྡུར་བྱས་པར་མ་ཟད། བཀག་འཇུག་བྱས་པའི་མི་སྣ་དང་དང་བཀག་འཇུག་བྱས་པའི་མི་སེར་དཀྱུས་མའི་བརྗེ་སྤོར་སོགས་འདུས་ཡོད་ཟེར།
ཕྱོགས་གཉིས་ཀྱིས་རང་རང་ས་ནས་གྲོས་མོལ་འཐུས་ཚབ་ཚོགས་པ་རྩ་འཛུགས་བྱས་ཏེ་མྱུར་མོར་གྲོས་མོལ་བྱས་ནས། ཝུའུ་ཁི་ལན་གྱི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པ་དང་ཝུའུ་ཁི་ལན་གྱི་དུས་ཡུན་རིང་བོའི་བདེ་འཇགས་ལ་འགན་སྲུང་བྱེད་པར་འཐད་པ་བྱུང་།
གསལ་སྒྲོག་གི་མཇུག་མཐར་བསྟན་དོན། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་གང་མགྱོགས་སྒོས་ཝུའུ་ཁི་ལན་གྱི་གཏེར་ཁའི་ཐོན་ཁུངས་གཙོ་བོར་དམིགས་ནས་ཕྱོགས་ཡོངས་ཀྱི་གྲོས་མཐུན་ཞིག་བཀོད་དེ། ཝུའུ་ཁི་ལན་གྱི་དཔལ་འབྱོར་ལ་ཤུགས་སྣོན་བྱེད་པ་དང་། ཨ་མེ་རི་ཁའི་རོགས་སྐྱོར་གྱི་མ་རྩ་བཞག་སྟེ་ཝུའུ་ཁི་ལན་གྱི་དུས་ཡུན་རིང་བོའི་དར་རྒྱས་དང་བདེ་འཇགས་ལ་འགན་སྲུང་བྱེད་པར་འཐད་པ་བྱུང་།
ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཉིན་དེའི་དགོང་མོར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཝུའུ་ཁི་ལན་དང་ཨ་མེ་རི་ཁའི་ཅི་ཏཱའི་གྲོས་མོལ་ལ་གྲུབ་འབྲས་བཟང་ཞིང་འཛུགས་སྐྲུན་རང་བཞིན་ལྡན། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨ་མེ་རི་ཁའི་ཉིན་སུམ་ཅུའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱེད་འདོད་ཡོད་ཀྱང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨུ་རུ་སིའི་ཕྱོགས་ལ་འདྲ་མཉམ་གྱི་བྱེད་ཐབས་སྤྱོད་དགོས་ལ། གལ་ཏེ་ཨུ་རུ་སིའི་ཕྱོགས་འཐད་པ་བྱུང་ན། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་མྱུར་མོར་ནུས་ལྡན་དུ་འགྱུར་སྲིད་ཟེར།
ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཉིན་དེར་ཕོ་བྲང་དཀར་པོའི་ཕྱི་རོལ་ནས་སྨྱན་བྱད་ལ་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཀྱང་ཉིན་སུམ་ཅུའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དེ་དང་ལེན་བྱེད་པར་རེ་བཞིན་ཡོད་པ་དང་། ཁོས་དོན་དེའི་ཐད་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱེད་དགོས་ཟེར། ཙེ་ལིན་སི་ཅི་ཡང་བསྐྱར་ཕོ་བྲང་དཀར་པོར་གདན་ཞུ་བྱེད་མིན་འདྲི་སྐབས་ཐི་ལིང་ཕུའུ་ཡིས་གདན་ཞུ་བྱེད་སྲིད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注