མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་གོ་གནས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྐབས་རེ་དགུ་བ་ནས་པེ་ཅིང་བསྒྲགས་གཏམ་ལག་བསྟར་བྱས་པའི་གནས་ཚུལ་ལ་དཔྱད་འཇོག་བྱེད་རྒྱུ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་གོ་གནས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྐབས་རེ་དགུ་བ་ཚེས10ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཚོགས་མགོ་བརྩམས། པེ་ཅིང་འཛམ་གླིང་བུད་མེད་ཚོགས་ཆེན་བསྡུས་ནས་ལོ་ངོ30འགོར་བར་རྗེས་དྲན་བྱེད་ཆེད། སྐབས་འདིའི་གྲོས་ཚོགས་ནས་པེ་ཅིང་བསྒྲགས་གཏམ་དང་ལག་བསྟར་རྩ་གནད་ཀྱི་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་དང་དཔྱད་འཇོག་བྱེད་རྒྱུ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གྲོས་ཚོགས་མགོ་རྩོམ་སྐབས་ཞུ་ཚིག་ཕུལ་ཏེ། འདས་པའི་ལོ་ངོ་སུམ་ཅུའི་ནང་། འཛམ་གླིང་ལ་འཕེལ་རྒྱས་རབ་དང་རིམ་པ་བྱུང་ཡོད་ཅིང་། ལོ་ཆུང་བུ་མོའི་སློབ་གསོའི་ཆུ་ཚད་མཐོར་འདེགས་བྱུང་བ་དང་སྦྲུམ་མའི་ཤི་ཚད་ཇེ་དམའ་རུ་སོང་ལ། བུད་མེད་ཀྱི་བཅའ་ཁྲིམས་སྲུང་སྐྱོབ་ལ་ཤུགས་སྣོན་ཐོབ་པ་སོགས་འདུས། ཡིན་ཡང་བར་ཁྱད་ཆེན་པོ་སྔར་བཞིན་ཡོད། དྲག་ཤུགས་དང་མཐོང་ཆུང་། དཔལ་འབྱོར་འདྲ་མཉམ་མིན་པའི་སྣང་ཚུལ་སྔར་བཞིན་རྒྱ་ཁྱབ་ཏུ་གནས་པ་དང་། ཕོ་མོའི་ཟླ་ཕོགས་ཀྱི་བར་ཁྱད་བརྒྱ་ཆའི་ཉི་ཤུ་ལ་བསླེབས་ཡོད། འཛམ་གླིང་ཡོངས་ཀྱི་སུམ་ཆའི་གཅིག་གི་བུད་མེད་ཀྱིས་དྲག་ཤུགས་མྱོང་བཞིན་ཡོད་ཟེར། ཁོས་བུད་མེད་ལ་འདྲ་མཉམ་གྱིས་རྒྱུན་མཐུད་དངུལ་གསོག་འདོན་སྤྲོད་དང་། བུད་མེད་རྩ་འཛུགས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོ། ལག་རྩལ་བར་ཁྱད་མེད་པར་གཏོང་བ། བུད་མེད་དག་ཇུས་འདོན་ནང་ཟབ་ཞུགས་བྱེད་པར་འགན་སྲུང་དང་མགོ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། ཕོ་མོའི་བར་གྱི་བར་ཁྱད་མེད་པར་བཏང་ནས་བུད་མེད་ལ་དབང་ཆ་སྩོལ་བར་སྐུལ་འདེད་གཏོང་དགོས་ཟེར།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། བུད་མེད་ཀྱི་ཁེ་དབང་དེ་ཉམས་ཉེན་ལ་འཕྲད་པའི་སྐབས་སུ། ང་ཚོ་ངེས་པར་དུ་པེ་ཅིང་བསྒྲགས་གཏམ་གྱི་ཉེ་འཁོར་དུ་མཐུན་སྒྲིལ་བྱས་ཏེ། འགུལ་སྐྱོད་རྩ་འཛིན་དེ་དངོས་འབེབས་བྱེད་པར་ཡང་བསྐྱར་འབད་འབུངས་བྱེད་དགོས་ལ། བློ་ཐག་རྦད་ཆོད་ཀྱིས་འཛམ་གླིང་སྟེང་གི་བུད་མེད་དང་ན་ཆུང་བུ་མོ་རེ་རེར་ཁེ་དབང་དང་འདྲ་མཉམ་ཐོབ་པར་བྱེད་པའི་དམ་བཅའ་ལག་བསྟར་བྱེད་དགོས་ཟེར།
སྐབས་དོ་དགུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥེ་ལེ་མིན་དབྱང་གིས་ཞུ་ཚིག་ནང་བཤད་རྒྱུར། པེ་ཅིང་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་ནས་ལོ་ངོ་སུམ་ཅུ་འགོར་ཡོད་ཅིང་། བུད་མེད་ཀྱི་ཁེ་དབང་ཐད་ནས་གྲུབ་འབྲས་རེ་འགའ་བླངས་ཡོད་ཀྱང་། མ་ལག་ལྡན་པའི་བཀག་རྒྱ་ཡིས་འདྲ་མཉམ་མངོན་འགྱུར་བྱེད་པར་བཀག་རྒྱ་བཟོ་བཞིན་ཡོད།
མིག་སྔའི་འགྲོས་ཚད་ལྟར་ན། ལོ137རྗེས་ནས་ད་གཟོད་བུད་མེད་ཚང་མ་དབུལ་ཕོངས་ལས་ཐར་ཐུབ་པ་དང་ལོ68རྗེས་ནས་ད་གཟོད་བུ་མོ་ལོ་ཆུང་གཉེན་སྒྲིག་བྱེད་པའི་སྣང་ཚུལ་མཇུག་སྒྲིལ་ཐུབ་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པེ་ཅིང་དམ་བཅའ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་འབད་འབུངས་བྱས་ཏེ། བུད་མེད་དང་བུ་མོ་ལོ་ཆུང་ཚང་མར་འདྲ་མཉམ་ཐོབ་པའི་འཛམ་གླིང་ཞིག་གསར་བསྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ལས་དོན་ཁང་གི་ལག་བསྟར་ཀྲུའུ་རིན་པཱ་ཧུའུ་སི་ཡིས་གཞི་གྲངས་བར་ཁྱད་ཇེ་ཆུང་དུ་གཏོང་བ་དང་། དངུལ་གཏོང་བྱས་ནས་དབུལ་ཕོངས་སེལ་བ། བཅའ་ཁྲིམས་ལ་ཤུགས་སྣོན་པ་སོགས་ཀྱི་འགུལ་སྐྱོད་སྤེལ་ནས། བུད་མེད་དང་བུ་མོ་ལོ་ཆུང་ལ་དམིགས་པའི་དྲག་ཤུགས་གནད་དོན་མེད་པར་བཏང་སྟེ། སྔར་ལས་མང་བའི་བུད་མེད་དག་གནད་འགག་གི་ཇུས་འདོན་དང་ཞི་བདེའི་འཛུགས་སྐྲུན་ཁྲོད་ཞུགས་སུ་འཇུག་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་བུད་མེད་གོ་གནས་ཨུ་ཡོན་ལྷན་ཁང་ནི་མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་སྤྱི་ཚོགས་ལས་དོན་ཁང་གི་ཨུ་ཡོན་ལྷན་ཁང་དགུའི་གྲས་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་ཕོ་མོ་འདྲ་མཉམ་མྱུར་དུ་མངོན་འགྱུར་བྱེད་པར་འབད་འབུངས་བྱེད་བཞིན་ཡོད་ལ། ལོ་རེར་གྲོས་ཚོགས་ཐེངས་རེ་སྤེལ་བཞིན་ཡོད་པ་དང་། སྐབས་འདིའི་གྲོས་ཚོགས་ནི་ཟླ3པའི་ཚེས21ཉིན་མཇུག་སྒྲིལ་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注