ནེ་ཀྲིར་དང་ཀ་ནཱའི་མགོ་ཁྲིད་པས་ལག་རྡང་སྦྲེལ་ནས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་རྒྱུའི་ཚུལ་བསྟན།
ནེ་ཀྲིར་སྨྱན་བྱད་ཀྱིས་ཚེས10ཉིན་བསྒྲགས་པ་ལྟར་ན། ནེ་ཀྲིར་མེས་རྒྱལ་བདེ་སྲུང་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཆི་ཡཱ་ནེ་ཡིས་ཚེས9ཉིན་རྒྱལ་ས་ནེ་ཡཱ་མཱེ་ནས་འཚམས་འདྲིར་ཡོང་བའི་ཀ་ནཱའི་ཙུང་ཐུང་མཱ་ཧཱ་མཱ་དང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ལག་རྡང་སྦྲེལ་ནས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་རྒྱུའི་ཚུལ་བསྟན།
ཕྱོགས་གཉིས་ཀྱིས་འཚམས་འདྲི་མཇུག་སྒྲིལ་རྗེས་སྤེལ་བའི་མཉམ་འབྲེལ་སྤྱི་སྒྲོག་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཨ་ཧྥེ་རི་ཁ་ནུབ་མའི་སཱ་ཧི་ལེ་ས་ཁུལ་གྱི་མདུན་དུ་ལྷགས་པའི་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ཕྱོགས་གཉིས་ཀྱིས་བལྟས་ན། དུས་ཡུན་རིང་བོའི་ས་ཁུལ་དེའི་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ལས་རྒྱལ་ཁབ་སོ་སོའི་སྲིད་གཞུང་གི་འཕེལ་རྒྱས་རྣམ་གྲངས་ཕན་ནུས་ལྡན་པར་ལག་བསྟར་བྱེད་པར་བཀག་རྒྱ་གལ་ཆེན་བཟོས་ཡོད་པས། རྒྱལ་ཁབ་གཉིས་ཀྱིས་ལག་རྡང་སྦྲེལ་ནས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་པར་འདོད།
རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་ཆབ་སྲིད་དང་དཔལ་འབྱོར། ཚན་རྩལ། རིག་གནས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཞི་བདེ་དང་བདེ་འཇགས། འཕེལ་རྒྱས་བཅས་ཐད་ཀྱི་ཐུན་མོང་རེ་འདུན་བསྐང་རྒྱུ་ཁས་ལེན་བྱས།
དེའི་སྔོན་མཱ་ཧཱ་མཱ་ཡིས་ཚེས8ཉིན་མཱ་ལི་རུ་འཚམས་འདྲི་བྱས་པ་དང་། མཱ་ལིའི་ཙུང་ཐུང་བཞུགས་ཤག་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། མཱ་ཧཱ་མཱ་ཡིས་སཱ་ཧི་ལེ་རྒྱལ་ཁབ་མཉམ་འབྲེལ་དང་ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་བར་བསྟུད་མར་རྩོད་གླེང་བྱུང་བའི་ཐད་ནས་བསྟན་དོན། ཁོས་སཱ་ཧི་ལེ་རྒྱལ་ཁབ་མཉམ་འབྲེལ་དང་ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་བར་གྱི་ཡིད་ཆེས་སླར་གསོ་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར། མཱ་ཧཱ་མཱ་ཚེས10ཉིན་པུའུ་ཁི་ནཱ་ཧྥ་སོ་རུ་བསླེབས་ནས་མུ་མཐུད་དུ་འཚམས་འདྲི་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注