སི་རི་ཡཱའི་ཁྱིམ་མཚེས་རྒྱལ་ཁབ་ཀྱིས་སི་རི་ཡཱའི་མཐུན་སྒྲིལ་དང་གཏན་འཇགས་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

སི་རི་ཡཱ་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཅོར་ཏན་དང་ཐུར་ཁེ། དབྱི་རག ལེ་པཱ་ནུན་བཅས་ཀྱིས་ཚེས9ཉིན་ཅོར་ཏན་གྱི་རྒྱལ་ས་ཨན་མན་ནས་གྲོས་ཚོགས་བསྡུས་པ་དང་། ཚོགས་ཞུགས་མཁན་གྱིས་སི་རི་ཡཱའི་མཐུན་སྒྲིལ་དང་གཏན་འཇགས་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་པར་མ་ཟད། མཉམ་འབྲེལ་འགུལ་སྐྱོད་ལྟེ་གནས་ཤིག་བཙུགས་ནས་མཐུན་སྦྱོར་དང་མཉམ་ལས་ལ་བརྟེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་རྒྱུ་ཁྱབ་བསྒྲགས་བྱས།

གྲོས་ཚོགས་གྲོལ་རྗེས་སྤེལ་བའི་གསལ་སྒྲོག་ལྟར་ན། གོང་གི་རྒྱལ་ཁབ་ལྔ་ནས་ཡོང་བའི་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན། གསང་འཕྲིན་སྡེ་ཁག་གི་འགན་ཁུར་མི་སྣ་བཅས་ཉིན་དེའི་གྲོས་ཚོགས་ལ་ཞུགས་པ་དང་། ཚོགས་ཞུགས་མཁན་གྱིས་སི་རི་ཡཱའི་མི་དམངས་ཀྱིས་སི་རི་ཡཱའི་བདེ་འཇགས་དང་གཏན་འཇགས། བདག་དབང་། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་ཁག་ཐེག་བྱེད་པ་དང་། མི་དམངས་ཚང་མའི་ཁེ་དབང་ལ་སྲུང་སྐྱོབ་དང་བདེ་འཇགས་ཀྱི་རྨང་གཞིའི་སྟེང་རྒྱལ་ཁབ་བསྐྱར་འཛུགས་བྱེད་པར་རྒྱབ་སྐྱོར་བྱས། དེའི་ཞོར་དུ་སི་རི་ཡཱའི་བདེ་འཇགས་དང་བདག་དབང་། ཞི་བདེ་བཅས་ལ་དམིགས་པའི་གཡོ་ཇུས་གང་རུང་ལ་ངོ་རྒོལ་བྱས་པར་མ་ཟད། སི་རི་ཡཱའི་རྒྱལ་ཡོངས་ཀྱི་གྲོས་མོལ་གྲོས་ཚོགས་ཀྱི་མཇུག་འབྲས་ལ་དགའ་བསུ་ཞུས་པ་དང་། མྱུར་མོར་གནས་སྐབས་རྩ་ཁྲིམས་བསྒྲགས་གཏམ་སྤེལ་དགོས་པའི་འབོད་སྐུལ་བཏང་།

ཚོགས་ཞུགས་མཁན་གྱིས་མཉམ་འབྲེལ་འགུལ་སྐྱོད་ལྟེ་གནས་བཙུགས་ཤིང་། མཐུན་སྦྱོར་དང་མཉམ་ལས་ལ་བརྟེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བ་དང་། ད་ཡོད་ཀྱི་ས་ཁུལ་དང་རྒྱལ་སྤྱིའི་སྟེགས་བུ་དང་དེར་འབྲེལ་གྱི་བྱ་བར་རྒྱབ་སྐྱོར་བྱས་ནས་མཇུག་མཐར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཚར་གཅོད་བྱེད་དགོས་པ་ཁྱབ་བསྒྲགས་བྱས། ཕྱོགས་ཁག་སོ་སོས་ད་རུང་དུག་རྫས་དང་མཚོན་ཆའི་ལྐོག་འཚོང་། རྒྱལ་ཁོངས་བརྒལ་བའི་རྩ་འཛུགས་ཡོད་པའི་ནག་ཉེས་བཅས་ལ་ཆམ་ཕབ་གཏོང་བའི་ཐད་ནས་མཉམ་ལས་བྱེད་དགོས་པའི་ཚུལ་བསྟན།

ཚོགས་ཞུགས་མཁན་གྱིས་སི་རི་ཡཱའི་བཀག་སྡོམ་མེད་པར་གཏོང་དགོས་པ་དང་། སི་རི་ཡཱ་དང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་དཔལ་འབྱོར་དང་ཉོ་ཚོང་། དངུལ་གཏོང་། རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་བཅས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། སི་རི་ཡཱའི་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱས་ཏེ། སི་རི་ཡཱའི་ཡུལ་གྱར་བ་དག་ཕྱིར་རང་ཁྱིམ་དུ་ལོག་པར་བདེ་འཇགས་དང་འཚོ་བ། ཆབ་སྲིད་བཅས་ཀྱི་ཆ་རྐྱེན་བསྐྲུན་དགོས་པའི་འབོད་སྐུལ་བཏང་།

ཚོགས་ཞུགས་མཁན་གྱིས་ཟླ་བཞི་བར་ཐུར་ཁེ་ནས་སྐོར་ཐེངས་གཉིས་པའི་གྲོས་ཚོགས་བསྡུ་བར་ཡིད་འཐད་བྱུང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号