ཝུའུ་ཁི་ལན་གྱི་གྲོས་ཁང་གིས་ཨ་མེ་རི་ཁའི་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།
ཝུའུ་ཁི་ལན་གྱི་གྲོས་ཁང་དང་གྲོས་ཁང་གི་ཏང་ཁག་སོ་སོས་ཚེས3ཉིན་བསྟན་དོན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་སྤེལ་བའི་ཞི་བའི་གྲོས་མོལ་ལ་འགན་སྲུང་བྱེད་པར་དམིགས་པའི་གྲོས་གཞི་ལ་དགའ་བསུ་ཞུས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཝུའུ་ཁི་ལན་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་ཁྱད་པར་དུ་གནད་འགག་གི་གཏེར་ཁའི་གསར་སྤེལ་ཁྱབ་ཁོངས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་དགོས་པར་འདོད།
ཝུའུ་ཁི་ལན་གྱི་གྲོས་ཁང་གི་དཔོན་ཕྱོགས་དྲ་ཚིགས་ཀྱིས་ཚེས3ཉིན་གྱི་ནམ་གུང་གྲོས་ཁང་དང་གྲོས་ཁང་གི་ཏང་ཁག་སོ་སོའི་མིང་ཐོག་ནས་ཐི་ལིང་ཕུའུ་དང་ཨ་མེ་རི་ཁའི་རྒྱལ་ཚོགས། ཨ་མེ་རི་ཁའི་མང་ཚོགས་བཅས་ལ་བསྐུར་བའི་འཕྲིན་ཡིག་ཅིག་བཀོད་པ་དང་། འཕྲིན་ཡིག་ནང་དུ་ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་སྒེར་ཚུགས་དང་བདག་དབང་། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པ་དང་བདེ་འཇགས་རོགས་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུས། ཝུའུ་ཁི་ལན་གྱི་བདེ་འཇགས་དེ་ཨ་མེ་རི་ཁའི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་དང་འབྲལ་ཐབས་མེད་ལ། རྒྱབ་སྐྱོར་དེ་རིགས་མིག་སྔར་ལྷག་ཏུ་གནད་འགག་ཡིན་ཟེར།
འཕྲིན་ཡིག་ནང་བསྟན་དོན། ཝུའུ་ཁི་ལན་ཕྱོགས་ཀྱིས་ཐི་ལིང་ཕུའུ་ཡིས་སྤེལ་བའི་ཞི་བའི་གྲོས་མོལ་ལ་འགན་སྲུང་བྱེད་པར་དམིགས་པའི་གྲོས་གཞི་དེར་དགའ་བསུ་ཞུས་པ་དང་། ཝུའུ་ཁི་ལན་གྱི་མང་ཚོགས་ཀྱིས་ཐི་ལིང་ཕུའུ་ཡིས་མྱུར་མོར་དགྲར་འཛིན་འགུལ་སྐྱོད་མཚམས་བཞག་ནས་ཝུའུ་ཁི་ལན་གྱི་ཞི་བདེ་མངོན་འགྱུར་བྱེད་པའི་ཐད་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྲིད་པར་ཡིད་ཆེས་ཡོད་ཟེར།
འཕྲིན་ཡིག་ལས་ཝུའུ་ཁི་ལན་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་གལ་ཆེན་རང་བཞིན་དང་། ཁྱད་པར་དུ་གཏེར་ཁ་གསར་སྤེལ་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注