ཧྥ་རན་སི་ཡིས་ཨུ་རུ་སིའི་བཀག་ཉར་བྱས་པའི་རྒྱུ་ནོར་དག་ཡོ་རོབ་གླིང་གི་དམག་དོན་འགྲོ་སོང་ཐད་བཀོལ་བར་ངོ་རྒོལ་བྱས།
ཧྥ་རན་སིའི་དཔལ་འབྱོར་དང་ནོར་སྲིད་པུའུ་ཀྲང་ལུང་པཱ་ཨར་གྱིས་ཚེས4ཉིན་ཧྥ་རན་སིའི་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཧྥ་རན་སི་ཡིས་ཨུ་རུ་སིའི་བཀག་ཉར་བྱས་པའི་རྒྱུ་ནོར་དག་གཞུང་བཞེས་བྱས་ཏེ་ཡོ་རོབ་གླིང་གི་དམག་དོན་འགྲོ་སོང་ཐད་བཀོལ་བའི་འདོད་ཚུལ་ལ་ངོ་རྒོལ་བྱས།
ལུང་པཱ་ཨར་གྱིས་བཤད་རྒྱུར། ཨུ་རུ་སིའི་བཀག་ཉར་བྱས་པའི་རྒྱུ་ནོར་གཞུང་བཞེས་བྱས་ཏེ་ཡོ་རོབ་གླིང་གི་དམག་དོན་འགྲོ་སོང་ཐད་བཀོལ་བ་དེ་རྒྱལ་སྤྱིའི་གྲོས་མཐུན་དང་འགལ་ཡོད་པ་དང་། ཧྥ་རན་སིའི་ལངས་ཕྱོགས་ནི་བཀག་ཉར་བྱས་པའི་ཨུ་རུ་སིའི་རྒྱུ་ནོར་དེ་ཨུ་རུ་སིའི་ཀྲུང་དབྱང་དངུལ་ཁང་ལ་དབང་བར་བསམ་ཡོད་ཟེར།
ཡོ་རོབ་གླིང་སྨྱན་བྱད་ཀྱིས་དེའི་སྔོན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཉམས་ཉེན་དེ2022ལོར་ཕྱོགས་ཡོངས་ནས་ཛ་དྲག་ཏུ་གྱུར་རྗེས། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སིའི་མེ་སྒོར་ཁྲག་ཁྲིག་གསུམ་ཙམ་གྱི་ཕྱི་རྒྱལ་གྱི་རྒྱུ་ནོར་བཀག་ཉར་བྱས་པ་དང་། དེའི་ནང་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཀག་ཉར་བྱས་པའི་ཨུ་རུ་སིའི་ཀྲུང་དབྱང་དངུལ་ཁང་གི་རིན་ཐང་ཡོ་སྒོར་ཁྲག་ཁྲིག་གཉིས་ཀྱི་རྒྱུ་ནོར་འདུས་ཡོད་ཟེར།
ཧྥ་རན་སིའི་ཡོ་རོབ་གླིང་ལས་དོན་གྱི་འགན་ཁུར་བའི་པུའུ་ཀྲང་རིམ་པའི་འཐུས་མི་ཨ་ཏཱ་ཏི་ཡིས་ཀྱང་ཚེས4ཉིན་ཧྥ་རན་སིའི་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨུ་རུ་སིའི་ཡོ་རོབ་གླིང་ནས་བཀག་ཉར་བྱས་པའི་རྒྱུ་ནོར་གཞུང་བཞེས་བྱས་ན་དཔལ་འབྱོར་གྱི་སྲོལ་ངན་པ་བཏོད་སྲིད་ལ། ཡོ་རོབ་གླིང་གི་དངུལ་གཏོང་མཁན་ལ་སེམས་ཁུར་འབྱུང་དུ་འཇུག་སྲིད་ཟེར།
ཧྥ་རན་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དག་གིས་ཨུ་རུ་སིའི་བཀག་ཉར་བྱས་པའི་རྒྱུ་ནོར་ལས་བྱུང་བའི་ཁེ་སྤོགས་བཀོལ་ནས་ཝུའུ་ཁི་ལན་གྱི་དམག་ཆས་དང་འཐབ་འཁྲུག་རྗེས་ཀྱི་བསྐྱར་འཛུགས་ཐད་རོགས་སྐྱོར་བྱེད་མགོ་བརྩམས་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注