གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་བྱད་མཐོ་རིམ་གྲོས་ཚོགས་མའོ་སི་ཁོ་ནས་བསྡུས།

གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་བྱད་མཐོ་རིམ་གྲོས་ཚོགས་ཚེས14ཉིན་ཨུ་རུ་སིའི་མའོ་སི་ཁོ་ནས་བསྡུས། རྒྱལ་ཁབ་བཞི་བཅུ་ལྷག་ནས་ཡོང་བའི་སྨྱན་བྱད་དྲུག་ཅུ་ལྷག་གི་འགན་ཁུར་བས་གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་བྱད་ཀྱི་སྣེ་མང་ཅན་གྱི་འཛམ་གླིང་གཏན་འཇགས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ནུས་པར་དམིགས་ནས་གྲོས་བསྡུར་བྱས་ཏེ། སྣེ་མང་ཅན་གྱི་འཛམ་གླིང་གི་གཏན་འཇགས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་སྨྱན་བྱད་ཀྱི་སྟོབས་ཤུགས་ཕུལ་ཡོད།

གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་བྱད་མཐོ་རིམ་གླེང་སྟེགས་ཀྱི་ལག་བསྟར་ཀྲུའུ་ཞི། ཞིན་ཧྭ་གསར་འགྱུར་ཁང་གི་མགོ་བ་ཧྥུའུ་ཧྭ་ཡིས་གཏམ་བཤད་གལ་ཆེན་སྤེལ་ཏེ། དེང་སྐབས་ཀྱི་འཛམ་གླིང་དེ་ལོ་བརྒྱའི་རིང་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་མོའི་ཁྲོད་གནས་པ་དང་། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་དེ་ཛ་དྲག་གི་འགྲན་རྩོད་ལ་འཕྲད་ཡོད། གསེར་གྱོམ་རྒྱལ་ཁབ་ཀྱིས་ཐུན་མོང་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ལ་སྐུལ་འདེད་བཏང་སྟེ། གཏན་འཇགས་མིན་པའི་འཛམ་གླིང་གི་དཔལ་འབྱོར་ཐད་གཏན་འཇགས་རང་བཞིན་ལྡན་པར་བྱེད་དགོས། གསེར་གྱོམ་རྒྱལ་ཁབ་ཀྱིས་ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས་བརྩོན་ལེན་བྱས་ནས། རྙོག་འཛིང་ཆེ་བའི་འཛམ་གླིང་ལ་གཏན་འཇགས་རང་བཞིན་ལྡན་པར་བྱེད་དགོས། གསེར་གྱོམ་རྒྱལ་ཁབ་ཀྱིས་ཤུགས་ཆེན་པོས་མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བྱས་ཏེ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་དྲང་ཕྱོགས་ནུས་ཚད་ཁ་སྣོན་བྱེད་དགོས། མ་འོངས་པར་རྒྱང་བལྟ་བྱས་ན། གསེར་གྱོམ་རྒྱལ་ཁབ་ཀྱིས་མཉམ་ལས་དང་འཕེལ་རྒྱས་ཐད་འོད་སྟོང་ལྡན་པའི་མདུན་ལྗོངས་ཡོད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་མཐོ་རིམ་གྲོས་ཚོགས་ནས་བརྙན་རིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། གསེར་གྱོམ་རྒྱལ་ཁབ་ནི་ཐུན་མོང་མ་ཡིན་པའི་ཕྱོགས་མང་མཉམ་ལས་རྐྱེན་སྲོལ་ཅིག་ཡིན་པ་དང་། ཕྱོགས་སོ་སོས་ལོ་མང་བོའི་རིང་ལ་ཕན་ནུས་ལྡན་པའི་མཉམ་ལས་བྱེད་བཞིན་ཡོད། གསེར་གྱོམ་རྒྱལ་ཁབ་དེ་སྣེ་མང་འཛམ་གླིང་ཁྲོད་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་མང་ཆེ་བས་མཉམ་ལས་རྐྱེན་སྲོལ་དེའི་སྤྲོ་བ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། མིག་སྔར་གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་བྱད་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་ནས། རྒྱལ་ཁབ་བར་གྱི་འབྲེལ་བའི་འཕེལ་རྒྱས་དང་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ། ཕན་ཚུན་ཡིད་ཆེས་དང་རྒྱུས་ལོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱིས་རྒྱལ་ཁབ་སོ་སོའི་སྨྱན་བྱད་ཀྱི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་སོ་སོའི་མང་ཚོགས་ཀྱིས་གསེར་གྱོམ་རྒྱལ་ཁབ་དང་མིག་སྔའི་འཛམ་གླིང་སྟེང་ནུས་པ་གལ་ཆེན་འདོན་དུ་འཇུག་ཐུབ་པར་རེ་བཞིན་ཡོད་ཟེར།

ཐཱ་སི་གསར་འགྱུར་ཁང་གི་མགོ་བ་ཨན་ཏི་ལེ་ཁུང་ཏི་ལཱ་ཧྲའོ་ཧྥུའུ་ཡིས་ཞུ་ཚིག་འབུལ་སྐབས་ཞིན་ཧྭ་གསར་འགྱུར་ཁང་གིས་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བཀའ་དྲིན་ཞུས། ཁོས་བསྟན་དོན། མིག་སྔར་གསེར་གྱོམ་རྒྱལ་ཁབ་ཀྱི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར། མི་གཞུང་སོགས་ཁྱབ་ཁོངས་དག་ནས་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་ནང་དོན་ཕུན་སུམ་ཚོགས་པ་དང་། གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱད་བྱད་ཀྱིས་རྒྱལ་ཁབ་སོ་སོའི་ཆབ་སྲིད་འགྲོ་འོང་གི་གནས་ཚུལ་དང་དཔལ་འབྱོར་མཉམ་ལས་བསྒྲགས་པར་མ་ཟད། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་མཛེས་བརྩེའི་འབྲེལ་ཟམ་འཛུགས་པའི་ནང་ཟབ་ཞུགས་བྱེད་དགོས་ཟེར།

དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་འཕྲིན་གཏོང་ཁང་མནའ་འབྲེལ་གྱི་སྤྱི་ཁྱབ་ལས་འཛིན་པ་ཨ་ལེ་ཡཱ་མུས་ཀྱིས་བསྟན་དོན། དབྱི་སི་ལན་མཉམ་ལས་རྩ་འཛུགས་འཕྲིན་གཏོང་ཁང་མནའ་འབྲེལ་གྱིས་གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་བྱད་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དེ་མནའ་འབྲེལ་དེའི་འཕེལ་རྒྱས་ཀྱི་ཐོག་མའི་ནང་དོན་དུ་བརྩིས་ནས། ཕྱོགས་སོ་སོ་དང་མཉམ་དུ་དཔལ་ཡོན་སྣ་མང་ཅན་ལ་བརྩི་འཇོག་དང་དར་སྤེལ་བྱེད་པའི་རྨང་གཞིའི་སྟེང་རྒྱ་ཆེར་བརྗེ་རེས་དང་མཉམ་ལས་བྱེད་འདོད་ཡོད་ཟེར།

ཨ་ཧྥེ་རི་ཁ་ལྷོ་མའི་རྒྱང་སྒྲོག་ཀུང་ཟིའི་ལག་བསྟར་ཏུང་ཧྲི་ནོའུ་མུའུ་སཱ་ཧྲ་པེ་ལེ་ཡིས་བསྟན་དོན། གསེར་གྱོམ་རྒྱལ་ཁབ་ཀྱིས་སྔར་ལས་དཀྱེལ་ཡངས་ཆེ་ཞིང་སྣ་མང་དང་དྲང་བདེན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པར་འབད་བརྩོན་བྱེད་པ་དང་། གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་བྱད་ཀྱིས་བརྗེ་རེས་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་དེ། གཏམ་བཤད་དབང་ཆ་ཇེ་ཆེར་བཏང་ནས་མཉམ་དུ་གསེར་གྱོམ་རྒྱལ་ཁབ་ཀྱི་འབོད་སྐུལ་བསྒྲགས་ནས་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་འདྲ་མཉམ་དྲང་བདེན་ལ་སྐུལ་འདེད་གཏོང་དགོས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号