ལོ་རྒྱུས་ཀྱི་དན་རྟགས་སུ་བརྗིད་པར་ཆགས་པའི་ཅོག་ཙེ་རྒྱལ་བོའི་རྒྱལ་ཁང་།

ཉེ་ཆར། "རྔ་བར་མཇལ་འཛོམས།རིན་ཆེན་གཏེར་མཛོད་ཀྱི་གནས་མཆོག་འབར་ཁམས་འཚོལ་བ"ཞེས་པའི་གསར་འགྱུར་བཅར་འདྲི་ཚོ་ཆུང་ཅོག་ཙེ་རྒྱལ་བོའི་རྒྱལ་ཁང་དུ་སོང་ནས་བཅར་འདྲིའི་བྱེད་སྒོ་སྤེལ།

རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་ཏེ་ཅོག་རྩེ་རྒྱལ་བོའི་རྒྱལ་ཁང་དེ་ཤིང་རྡོ་ས་གསུམ་གྲུབ་ཆ་གཙོ་བོ་བྱས་ནས་བཞེངས་སྐྲུན་བྱས་ཡོད་ལ། འབར་ཁམས་གྲོང་ཁྱེར་གྱི་ཤར་ལྷོ་ནས་སྤྱི་ལེ7ཙམ་གྱི་སར་གནས་ཤིང་། གནས་དེའི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན་ཏེ། རི་བོ་སྔོ་ལྗང་མེར་བརྗིད་ཆགས་པ་དང་། དྭངས་ཤིང་གཙང་བའི་རྫ་ཆུ་བསིལ་མ་ཞིག་ཚིང་ཚིང་ལྗོན་པའི་བར་ན་ལྷུང་ལྷུང་དུ་འབབ་བཞིན་ཅོག་ཙེ་རྒྱལ་བོའི་རྒྱལ་ཁང་དང་རི་འདབ་ཀྱི་གྲོང་སྡེ་བརྒྱུད་དེ་སོ་མང་ཆུ་བོར་འདྲེས་འདུག གནས་དེ་ཡང་འབར་ཁམས་ནས་ཁྲེང་ཏུའུ་དང་བཙན་ལྷ་བར་གྱི་གཞུང་ལམ་གཉིས་ཀྱི་སྣོལ་མཚམས་ཤིག་རེད། ཡུལ་དེའི་ཕུལ་དུ་བྱུང་བའི་བཟོ་བཀོད་སྒྱུ་རྩལ་སྣ་མང་གཞི་གཅིག་ཏུ་འདུས་པས་རྒྱལ་རོང་གི་རྩོམ་པ་པོ་གྲགས་ཅན་ཨ་ལེ་ཡི་མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་ཆོས་ཏེ《 རྡུལ་འཚུབ་དྭངས་སོང་།》ཞེས་པའི་གཏམ་རྒྱུད་ཀྱི་མ་དཔེ་དང་བརྙན་འཕྲིན་འཁྲབ་ཚན་གྱི་བརྙན་ཕབ་ཡུལ་དངོས་ཀྱང་རེད། 1986ལོར་འབར་ཁམས་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་བར་ཆོག་མཆན་ཐོབ་པ་དང1988ལོར་རྒྱལ་ཁང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཁག་གསུམ་པར་གཏན་འཁེལ་བྱས་པ་རེད། 2005ལོར་རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་གྲགས་ཅན་བརྒྱ་ཡི་གྲས་སུ་ཚུད་པ་རེད།

ཅོག་རྩེ་རྒྱལ་བོའི་རྒྱལ་ཁང་ནི་བོད་ཀྱི་རྩིག་བཟོའི་སྒྱུ་རྩལ་གྱི་གཅེས་ནོར་ལྟ་བུ་ཡིན་པ་མ་ཟད།དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་བདེན་དཔང་ཡང་བྱས་ཡོད།དམར་དམག་རྒྱང་སྐྱོད་བྱེད་པའི་དུས་སུ་མའོ་ཙེ་ཏུང་དང་ཀྲུའུ་ཨུན་ལེ།ཀྲུང་ཝུན་ཐེན་བཅས་མགོ་ཁྲིད་རྣམས་རྒྱལ་ཁང་དུ་གཟའ་འཁོར་གཅིག་ལ་བཞུགས་མྱོང་། དེའི་རིང་ལ་དམར་དམག་གིས"རྒྱལ་པོའི་སྲིད་གླེང་ཚོམས་ཆེན"དུ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་འཚོགས་ནས་མི་རིགས་ས་ཁུལ་གྱི་འབྲེལ་ཡོད་གནད་དོན་ལ་ཆེད་དུ་གྲོས་སྡུར་བྱས་པ་མ་ཟད།མི་རིགས་རང་སྐྱོང་མངོན་འགྱུར་བྱ་དགོས་པའི་འབོད་སྐུལ་བཏང་། ལོ་རྒྱུས་ཀྱི་དོན་རྐྱེན་འདིས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ་མ་ཟད། དམར་དམག་གིས་སི་ཁྲོན་ནུབ་བྱང་ས་ཁུལ་དུ་རྒྱལ་ཁ་ལེན་པར་རྨང་གཞི་བརྟན་པོ་བཏིངས་ཡོད།

ད་སྐབས་ཅོག་ཙེ་རྒྱལ་བོའི་རྒྱལ་ཁང་དེ་རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་གྱི་མཛེས་ལྗོངས་ཁུལ་དུ་དངོས་སུ་བཅུག་ནས་ཡུལ་སྐོར་བ་ལྟ་སྐོར་དུ་ཕེབས་སའི་མཛེས་ལྗོངས་ཁུལ་གལ་ཆེན་ཞིག་ཏུ་གྱུར་ཡོད།འདི་གར་ཡུལ་སྐོར་བ་ཚོས་མཛེས་སྡུག་ལྡན་པའི་རྩིག་བཟོའི་སྒྱུ་རྩལ་རོལ་མྱོང་ཐུབ་པ་མ་ཟད་རླབས་ཆེ་བའི་རྒྱང་སྐྱོད་སྙིང་སྟོབས་དང་ཤུགས་རྐྱེན་ཟབ་མོ་ཚོར་ཐུབ་ལ། མི་རྣམས་ལ་ལོ་རྒྱུས་མི་སྣ་དག་བརྒྱུད་མྱོང་བའི་ལམ་བུ་དང་ལོ་རྒྱུས་ཀྱི་དོན་རྐྱེན་དག་གི་བརྒྱུད་རིམ་དེ་བས་ལེགས་པོའི་སྒོ་ནས་མྱོང་དུ་འཇུག་ཐུབ།ཅོག་ཙེ་རྒྱལ་བོའི་རྒྱལ་ཁང་གིས་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་གནས་བབ་དང་རིག་གནས་ཀྱི་རིན་ཐང་མཚོན་པ་དང་། ལོ་རྒྱུས་ལ་རྒྱུས་ལོན་བྱ་སའི་གནས་ཡག་པོ་ཞིག་ཡིན་པས་ལྟ་སྐོར་དང་བཅར་འདྲིར་ཡོང་མཁན་ཚང་མའི་ཡིད་སེམས་རབ་ཏུ་བཀུགས་དང་འགུག་བཞིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号