ཡོ་རོབ་གླིང་མནའ་འབྲེལ་གྱི་ཨུ་ཡོན་པུའུ་ལོས་ཏུང་གིས་ལས་ཁུར་དགོངས་ཞུ་བྱས་པ་དང་ཧྥུན་ཏི་ལའེ་ཨིན་གྱི་བཅོས་སྐྱོང་ལ་གནད་དོན་ཡོད་པར་སྐྱོན་འཛུགས་བྱས།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ནང་ཁུལ་ཚོང་རའི་འགན་ཁུར་བའི་ཨུ་ཡོན།ཧྥ་རན་སིའི་མི་པུའུ་ལོས་ཏུང་གིས་ཚེས་བཅུ་དྲུག་ཉིན་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པར་མ་ཟད།ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱི་བཅོས་སྐྱོང་ལ་གནད་དོན་ཡོད་པར་སྐྱོན་འཛུགས་བྱས།

པུའུ་ལོས་ཏུང་གིས་ཉིན་དེར་དྲ་ཚིགས་སྟེང་ཁོས་ཧྥུན་ཏི་ལའེ་ཨིན་ལ་བྲིས་པའི་འཕྲིན་ཡིག་གཅིག་ཁྱབ་བསྒྲགས་བྱས་ཏེ།ཧྥུན་ཏི་ལའེ་ཨིན་གྱིས་སྐབས་གསར་བའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་བྱེད་པའི་མཇུག་མཐའི་གྲོས་མོལ་དུས་རིམ་ནང་།མི་སྒེར་གྱི་དབང་གིས་ཧྥ་རན་སི་ལ་གནོན་ཤུགས་བྱིན་པ་དང་།ཧྥ་རན་སི་ཡིས་པུའུ་ལོས་ཏུང་གི་འདེམ་སྒུག་མི་སྣའི་ཐོབ་ཐང་མེད་པར་གཏོང་དགོས་པའི་རེ་བ་བཏོན།ཆབ་སྲིད་བརྗེ་སྤོར་ཡིན་པའི་ཆ་ནས།ཧྥུན་ཏི་ལའེ་ཨིན་གྱིས་ཧྥ་རན་སི་ལ་ཤུགས་རྐྱེན་སྔར་ལས་ཆེ་བའི་ཨུ་ཡོན་ལྷན་ཁང་གི་ལས་གནས་ཁས་ལེན་བྱས་ཡོད་ཟེར།

པུའུ་ལོས་ཏུང་གིས་ཉིས་སྟོང་བཅུ་དགུ་ལོ་ནས་བཟུང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཨུ་ཡོན་གྱི་འགན་ཁུར་བ་དང་།ཧྥ་རན་སི་ཡིས་མཚམས་སྦྱོར་བྱས་པའི་སྐབས་གསར་བའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འདེམ་སྒུག་མི་སྣ་རེད།ཁོས་འཕྲིན་ཡིག་ནང་བཤད་རྒྱུར།གནས་བབ་གསར་བའི་འཕེལ་རྒྱས་ལས་བཅོས་སྐྱོང་ལ་གནད་དོན་ཡོད་པ་བདེན་དཔང་གསལ་བོ་བྱས་ཡོད་པས།ཁོས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཨུ་ཡོན་གྱི་ལས་འགན་མུ་མཐུད་དུ་ཁུར་རྒྱུ་མིན་ཟེར།

ཟླ་འདིའི་ཚེས་དྲུག་ཉིན།སི་ལོ་ཝུན་ནེ་ཡཱའི་སྔོན་ཆད་ཀྱི་རྩིས་བཤེར་ཁང་གི་ཡོན་ཀྲང་ཐའོ་མཱ་རི་ཝེ་སེ་ཨར་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཨུ་ཡོན་འགྲན་རྩོད་ལས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས།ཁོས་ཧྥུན་ཏི་ལའེ་ཨིན་དང་རང་ཉིད་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་ཇི་ལྟར་འཁོར་སྐྱོད་བྱེེད་པའི་ཐད་ལྟ་ཚུལ་མི་འདྲ་བ་བཟུང་ཡོད་ཟེར།སི་ལོ་ཝུན་ནེ་ཡཱའི་སྨྱན་བྱད་མང་བོས་བསྒྲགས་པ་ལྟར་ན།ཧྥུན་ཏི་ལའེ་ཨིན་གྱིས་སྔོན་ཆད་སི་ལོ་ཝུན་ནེ་ཡཱ་ལ་གནོན་ཤུགས་བྱིན་ནས།འདེམ་སྒུག་མི་སྣ་བརྗེ་སྤོར་བྱེད་དགོས་པའི་རེ་བ་བཏོན།རྒྱུ་མཚན་ནི་ཝེ་སེ་ཨར་གྱི་ཆབ་སྲིད་སྟོབས་ཤུགས་ཞན་པ་དང་།ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དུ་བུད་མེད་སྔར་ལས་མང་བོ་ཡོད་པར་རེ་བཞིན་ཡོད་པས་རེད།

ད་ལོའི་ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན།ཧྥུན་ཏི་ལའེ་ཨིན་དེ་ཡོ་རོབ་གླིང་གྲོས་ཁང་བརྒྱུད་དེ་འདེམ་ཤོག་འཕངས་ནས་ཡང་བསྐྱར་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པ་རེད།དེའི་རྗེས་སུ་ཁོ་མོས་སྐབས་གསར་བའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་བྱེད་མགོ་བརྩམས།ཡོ་རོབ་གླིང་མནའ་འབྲེལ་གྱི་གཏན་འཁེལ་ལྟར་ན།ཁོངས་གཏོགས་རྒྱལ་ཁབ་ཚང་མས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འདེམ་སྒུག་མི་སྣ་རེ་རེ་མིང་འདོན་བྱེད་དགོས་པ་དང་།འདེམ་སྒུག་མི་སྣར་ངེས་པར་དུ་ཡོ་རོབ་གླིང་གྲོས་ཁང་གི་ཆོག་མཆན་ཐོབ་དགོས་པ་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号