དབྱི་རན་གྱི་ཙུང་ཐུང་དང་ཕྱི་འབྲེལ་པུའུ་ཀྲང་ཆག་སྒོའི་ནང་གྲོངས་འདུག

མའེ་ཧོའར་གསར་འགྱུར་ཁང་དང་ལུའུ་ཐོའུ་གསར་འགྱུར་ཁང་གིས་ཚེས20ཉིན་སྤེལ་བའི་གསར་འགྱུར་ལྟར་ན། དབྱི་རན་གྱི་ཙུང་ཐུང་ལའེ་ཞི་དང་དབྱི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལ་ཞི་དབྱང་གཉིས་ཚེས19ཉིན་གྱི་ཐད་འཕུར་གནམ་གྲུའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་ཡོད། མིག་སྔའི་བར་དུ་དབྱི་རན་གཞུང་ཕྱོགས་ཀྱིས་དེའི་སྐོར་ལ་དངོས་སུ་ལན་བཏབ་མེད་པ་རེད།

     མའེ་ཧོའར་གསར་འགྱུར་ཁང་གིས་དབྱི་རན་གྱི་ཙུང་ཐུང་ལའེ་ཞི་ཡིས་དབྱི་རན་མི་དམངས་ལ་ཞབས་ཞུ་དང་འགན་འཁྲི་སྒྲུབ་སྐབས་དོན་རྐྱེན་བྱུང་ནས་རྐྱེན་ལམ་དུ་ཤོར་ཡོད་ཅེས་བསྟན་འདུག ཐད་འཕུར་གནམ་གྲུ་གཅིག་དེའི་ནང་ད་དུང་དབྱི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལ་ཞི་དབྱང་དང་། ཤར་ཨ་སའེ་པའེ་ཅང་མངའ་སྡེའི་འགོ་འཛིན་སོགས་ཡོད་པ་རེད།

མི་མེད་གནམ་གྲུས་བླངས་པའི་ཐད་འཕུར་གནམ་གྲུའི་དོན་རྐྱེན་བྱུང་སའི་ཡུལ་དངོས་ཀྱི་པར།

ས་གནས་དེ་གའི་དུས་ཚོད་ཚེས20ཉིན་གྱི་ཐོ་རེངས་སུ། ཐུར་ཁེའི་ཨ་ནཱ་ཏུའོ་ལུའུ་གསར་འགྱུར་ཁང་གིས་སྤེལ་བའི་གསར་འགྱུར་ལས་མངོན་པར། ཐུར་ཁེ་ཡིས་དབྱི་རན་ཕྱོགས་སུ་བཏང་བའི་མི་མེད་གནམ་གྲུས་ཚ་ཁུངས་གསལ་འབྱེད་ཐུབ་པ་དང་། དེ་ཕལ་ཆེར་ཐད་འཕུར་གནམ་གྲུར་དོན་རྐྱེན་བྱུང་བའི་ས་གནས་ཡིན་པ་མ་ཟད། དབྱི་རན་ཕྱོགས་ལ་གནད་གཏན་འཁེལ་གྱི་གནས་ཡུལ་གསལ་སྟོན་བྱས་ཡོད། དབྱི་རན་ཕྱོགས་ཀྱི་རོགས་སྐྱོབ་མི་སྣས་དེའི་རྗེས་སུ་དོན་རྐྱེན་བྱུང་བའི་ཐད་འཕུར་གནམ་གྲུའི་གནས་ཡུལ་ངོ་མ་གཏན་འཁེལ་ཐུབ་ཡོད།

དབྱི་རན་དབྱི་སི་ལམ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་སའེ་དབྱི་ཏེ་དབྱི་པུའུ་ལ་ཞིན་ལའེ་ཞི་ནི1960ལོར་དབྱི་རན་ཤར་བྱང་རྒྱུད་དུ་གནས་པའི་མ་ཧྲིན་ཧ་ཏེ་རུ་འཁྲུངས། ཁོང་གིས་སྔོན་ཆད་དབྱི་རན་གྱི་རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་རྩ་འཛུགས་ཀྱི་ཀྲུའུ་ཞི་དང་། རྒྱལ་ཁབ་སྤྱི་ཁྱབ་ཞིབ་བཤེར་དཔོན། ཁྲིམས་འཛིན་སྤྱི་ཁྱབ་ལྟ་སྐུལ་པ་སོགས་ཀྱི་འགན་བཞེས་མྱོང་། 2021ལོའི་ཟླ6པའི་ཚེས19ཉིན། ལའེ་ཞི་དབྱི་རན་གྱི་ཙུང་ཐུང་ལ་བདམས་ཐོན་བྱུང་ཞིང་། ལོ་དེའི་ཟླ8པའི་ཚེས5ཉིན་འགན་བཞེས་དམ་བཅའ་བཞག་པ་རེད།

དབྱི་རན་གྱི་ཙུང་ཐུང་སའེ་དབྱི་ཏེ་དབྱི་པུའུ་ལ་ཞིན་ལའེ་ཞི། ༼དཔྱད་གཞིའི་པར། ༽

དབྱི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལ་ཞི་དབྱང་ནི1964ལོར་འཁྲུངས་ཤིང་། ཏེ་ཧི་ལན་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་ཆེད་ལས་ནས་སློབ་མཐར་ཕྱིན། རང་མི་རིགས་ཀྱི་སྐད་ཡིག་པོ་སི་སྐད་ཡིག་ཕུད། ཁོང་ད་དུང་ཨ་རབ་སྐད་དང་དབྱིན་སྐད་ལ་བྱང་ཆུབ་པོ་ཡོད། ཨ་པུའུ་ཏུའུ་ལ་ཞི་དབྱང་གིས་སྔོན་ཆད་སྔ་རྗེས་སུ་པ་རེན་དུ་བཅའ་སྡོད་དབྱི་རན་གྱི་ཕྱི་འབྲེལ་དཔོན་དང་། དབྱི་རན་ཕྱི་འབྲེལ་པུའུ་ཡི་པོ་སི་ཝན་མཚོ་ཁུག་དང་དབུས་ཤར་སིའི་སི་ཀྲང་། དབྱི་རན་ཕྱི་འབྲེལ་པུའུ་ཨ་རབ་དང་ཧྥེ་གླིང་ལས་དོན་པུའུ་ཡི་པུའུ་ཀྲང་གཞོན་པ་སོགས་ཀྱི་འགན་བཞེས་མྱོང་། ཁོང་གིས2021ལོ་ནས་བཟུང་དབྱི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་གི་འགན་བཞེས་པ་རེད།

དབྱི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལ་ཞི་དབྱང་། ༼དཔྱད་གཞིའི་པར། ༽

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号