གཞིས་ལས་ཞིག་གསོ་མ་དངུལ་ཇི་ལྟར་ཡང་དག་པར་བསྡུ་ལེན་དང་བེད་སྤྱོད་བྱེད་དགོས་སམ།

གྱོད་དཔེ།

ཉེ་ལམ་གཞིས་ཁུལ་གྱི་གཞིས་ལས་ཀུང་སིས་ཞིག་གསོ་མ་དངུལ་བཙན་གྱིས་བསྡུ་བའི་དོན་དག་དེས་ཚེ་སྒྲོན་གྱི་སེམས་ཁམས་དཀྲུགས་བཞིན་འདུག ཉེ་སྔོན་གཞིས་ལས་ཀུང་སིས་སྤྱི་བསྒྲགས་སྤེལ་ཏེ་ལོ་སྨད་ཀྱི་གཞིས་ལས་ཞིག་གསོ་མ་དངུལ་བསྡུས་པ་དང་། དེ་དང་ཆབས་ཅིག་མ་སྤྲད་པ་དང་སྤྲོད་རྒྱུ་ཁས་མི་ལེན་པའི་ཁྱིམ་ཚང་ལ་གློག་ཆུ་དྲ་གསུམ་གཅོད་པའི་བྱེད་ཐབས་སྤྱད། ཡིན་ཡང་གཞིས་ཁུལ་འདིར་འདུག་མཁན་མང་ཤས་ཀྱིས་གཞིས་ལས་ཀུང་སིས་གཞིས་ལས་ཞིག་གསོ་མ་དངུལ་བསྡུ་དགོས་དོན་ཅི་ཡིན་པ་རྟོགས་ཀྱིན་མེད་ལ། མ་དངུལ་བསྡུ་སྟངས་འདི་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་མིན་ཡང་ཤེས་ཀྱིན་མེད། འདུག་མཁན་ཁག་ཅིག་གིས་གཞིས་ལས་ཀུང་སིའི་བཙན་ཤེད་མ་ཐེག་པར། ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་འོག་གཞིས་ལས་ཞིག་གསོ་མ་དངུལ་མཐོན་པོ་དེ་སྤྲད་པ་རེད། གཞིས་ལས་ཀུང་སིའི་བྱ་སྤྱོད་འདི་རིགས་ཁྲིམས་འགལ་ཡིན་ནམ།


གྱོད་དོན་དབྱེ་ཞིབ།

གྱོད་དོན་འདི་ནི་གཙོ་བོ་གཞིས་ལས་ཞིག་གསོ་མ་དངུལ་གྱི་འབྲེལ་ཡོད་གནད་དོན་དང་འབྲེལ་ཡོད་དེ། གཞིས་ལས་ཞིག་གསོ་མ་དངུལ་དེ་ངོ་བོའི་སྟེང་ནས་དམིགས་ཡུལ་ཁྱད་པར་བར་ཆེད་དུ་བཙུགས་པའི་ཆེད་དམིགས་མ་དངུལ་གྱི་རིགས་ཤིག་ཡིན་ལ། མི་ལ་ལས“ཁང་པའི་རྒན་གསོ་དངུལ”ཞེས་ཀྱང་འབོད་པ་རེད། དམངས་དོན་ཁྲིམས་གཞུང་དང་འབྲེལ་ཡོད་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ན། གཞིས་ལས་ཞིག་གསོའི་མ་དངུལ་བསྡུ་མིན་དེ་གཞིས་བདག་ཀུན་གྱིས་མཉམ་དུ་ཐག་གཅོད་དགོས་པ་དང་ཐུན་མོང་ལ་དབང་བ་ཞིག་ཡིན་པས། གཞིས་ལས་ཀུང་སིས་གཞིས་བདག་ཚོགས་ཆེན་ནམ་ཡང་ན་གཞིས་བདག་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་མེད་པར། སྒེར་དབང་གིས་གཞིས་ལས་ཞིག་གསོ་མ་དངུལ་བསྡུ་ལེན་བྱེད་པ་ནི་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འགལ་བ་རེད། དེ་དང་ཆབས་ཅིག བསྡུ་ལེན་གྱི་གོ་རིམ་ཁྲོད་གཞིས་བདག་གི་དབང་ཆར་གནོད་པའི་བྱེད་ཐབས་ཐལ་དྲགས་པ་སྤྱོད་མི་རུང་སྟེ། དཔེར་ན་ཆུ་གཅོད་པ་དང་། གློག་གཅོད་པ། དྲ་གཅོད་པ་སོགས་ཀྱི་བྱ་སྤྱོད་ལྟ་བུ། གྱོད་དོན་འདིའི་ནང་དུ། གལ་ཏེ་གཞིས་ལས་ཀུང་སིར་ཚེ་སྒྲོན་གྱི་དངོས་ཡོད་དབང་ཆར་གནོད་འཚེ་བཏང་བའི་བྱ་སྤྱོད་ཡོད་ཚེ། གཞིས་བདག་ཡིན་པའི་ཆ་ནས་ཚེ་སྒྲོན་གྱིས་འབྲེལ་ཡོད་གཞིས་ལས་དོ་དམ་སྡེ་ཁག་ལ་གནས་ཚུལ་ཡར་ཞུ་བྱེད་ཆོག་པར་མ་ཟད། བཅའ་ཁྲིམས་ཀྱི་ངོས་ཐད་ནས་ཁྲིམས་གཏུག་བྱེད་ཆོག


འབྲེལ་ཡོད་ཁྲིམས་ཚན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན278པ། གཤམ་གསལ་དོན་ཚན་དག་གཞིས་བདག་ཚང་མས་མཉམ་དུ་ཐག་གཅོད་བྱེད་དགོས།

(གཅིག)གཞིས་བདག་ཚོགས་ཆེན་གྱི་གྲོས་མོལ་སྒྲིག་སྲོལ་གཏན་འབེབས་དང་བཟོ་བཅོས་བྱེད་པ།

(གཉིས།)དོ་དམ་སྒྲིག་ཆིངས་གཏན་འབེབས་དང་བཟོ་བཅོས་བྱེད་པ།

(གསུམ།)གཞིས་བདག་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་པའམ་གཞིས་བདག་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བརྗེ་བ།

(བཞི།)གཞིས་ལས་ཞབས་ཞུ་ཁེ་ལས་སམ་དོ་དམ་བྱེད་མཁན་གཞན་པ་གདམ་གསེས་གདན་ཞུ་བྱེད་པ་དང་གདན་ཞུ་ཕྱིར་འཐེན་བྱེད་པ།

(ལྔ།)བཟོ་སྐྲུན་དངོས་པོ་དང་དེའི་ཟུར་གཏོགས་སྒྲིག་བཀོད་ཞིག་གསོ་གྲོན་དངུལ་བཀོལ་སྤྱོད་བྱེད་པ།

(དྲུག)བཟོ་སྐྲུན་དངོས་པོ་དང་ཟུར་གཏོགས་སྒྲིག་བཀོད་ཞིག་གསོ་གྲོན་དངུལ་གྲབས་གསོག་བྱེད་པ།

(བདུན།)བཟོ་སྐྲུན་དངོས་པོ་དང་དེའི་ཟུར་གཏོགས་སྒྲིག་བཀོད་བསྒྱུར་སྐྲུན་དང་བསྐྱར་སྐྲུན་བྱེད་པ།

(བརྒྱད།)སྤྱི་དབང་ཆ་ཤས་ཀྱི་སྤྱོད་སྒོ་སྒྱུར་བའམ་ཆ་ཤས་སྤྱད་དེ་ཚོང་གཉེར་བྱེད་སྒོ་སྤེལ་བ།

(དགུ།)སྤྱི་གཞུང་ལ་དབང་བ་དང་སྤྱི་གཞུང་གིས་དོ་དམ་བྱེད་པའི་ཁེ་དབང་སྐོར་གྱི་དོན་ཆེན་གཞན་དག་བཅས་ཡིན།

གཞིས་བདག་ཚང་མས་མཉམ་དུ་དོན་དག་ཐག་གཅོད་བྱེད་པར། ཆེད་དབང་ཆ་ཤས་ཀྱི་རྒྱ་ཁྱོན་གྱི་ཟིན་ཚད་སུམ་ཆའི་གཉིས་ཡན་གྱི་གཞིས་བདག་དང་མི་གྲངས་ཟིན་ཚད་སུམ་ཆའི་གཉིས་ཡན་གྱི་གཞིས་བདག་བརྡས་ཐག་གཅོད་པར་ཞུགས་དགོས། གོང་གསལ་དོན་ཚན་གྱི་ནང་ཚན་དྲུག་པ་ནས་བརྒྱད་པར་གཏན་འབེབས་བྱས་པའི་དོན་དག་ཐག་གཅོད་བྱེད་ཚེ། བརྡས་ཐག་གཅོད་པར་ཞུགས་པའི་ཆེད་དབང་ཆ་ཤས་ཀྱི་རྒྱ་ཁྱོན་ཟིན་ཚད་བཞི་ཆའི་གསུམ་ཡན་གྱི་གཞིས་བདག་དང་བརྡས་ཐག་གཅོད་པར་ཞུགས་པའི་མི་གྲངས་ཀྱི་བཞི་ཆའི་གསུམ་ཡན་གྱི་གཞིས་བདག་མོས་མཐུན་འབྱུང་དགོས། གོང་གསལ་དོན་ཚན་གྱི་དོན་བྱ་གཞན་དག་ཐག་གཅོད་བྱེད་ཚེ། བརྡས་ཐག་གཅོད་པར་ཞུགས་པའི་ཆེད་དབང་ཆ་ཤས་ཀྱི་རྒྱ་ཁྱོན་ཕྱེད་ཀ་བརྒལ་བའི་གཞིས་བདག་དང་། བརྡས་ཐག་གཅོད་པར་ཞུགས་པའི་མི་གྲངས་བསྡོམས་འབོར་གྱི་ཕྱེད་ཀ་བརྒལ་བའི་གཞིས་བདག་མོས་མཐུན་ཡོད་དགོས།

དོན་ཚན281པ། བཟོ་སྐྲུན་དངོས་པོ་དང་དེའི་ཟུར་གཏོགས་སྒྲིག་བཀོད་ཀྱི་ཞིག་གསོ་གྲོན་དངུལ་ནི་གཞིས་བདག་སྤྱི་གཞུང་ལ་དབང་བ་ཡིན། གཞིས་བདག་སྤྱི་གཞུང་གིས་ཐག་གཅོད་བྱས་པ་བརྒྱུད་གློག་སྐས་དང་ཁང་ཀླད། ཕྱི་རྩིག བཀག་མེད་སྒྲིག་བཀོད་སོགས་སྦྱི་དབང་ཆ་ཤས་ཞིག་གསོ་དང་གསར་བཟོ། སྒྱུར་སྐྲུན་བཅས་བྱེད་པར་སྤྱད་ཆོག བཟོ་སྐྲུན་དངོས་པོ་དང་དེའི་ཟུར་གཏོགས་སྒྲིག་བཀོད་ཀྱི་ཞིག་གསོ་གྲོན་དངུལ་གྲབས་གསོག་དང་བཀོལ་སྤྱོད་བྱས་པའི་གནས་ཚུལ་དུས་བཀག་ལྟར་ཁྱབ་བསྒྲགས་བྱེད་དགོས།

གནས་ཚུལ་ཛ་དྲག་འོག་བཟོ་སྐྲུན་དངོས་པོ་དང་དེའི་ཟུར་གཏོགས་སྒྲིག་བཀོད་ལ་ཞིག་གསོ་བྱེད་དགོས་བྱུང་ཚེ། གཞིས་བདག་ཚོགས་ཆེན་ནམ་གཞིས་བདག་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་བཟོ་སྐྲུན་དངོས་པོ་དང་དེའི་ཟུར་གཏོགས་སྒྲིག་བཀོད་ཀྱི་ཞིག་གསོ་གྲོན་དངུལ་བཀོལ་སྤྱོད་བྱེད་པའི་རེ་འདུན་ཞུས་ཆོག


ཁྲིམས་ཚན་ཞིབ་འགྲེལ།

གོང་གི་ཁྲིམས་ཚན་འདི་ནི་དམངས་དོན་ཁྲིམས་གཞུང་ལས་གཞིས་ལས་ཞིག་གསོ་མ་དངུལ་གྱི་བསྡུ་ལེན་དང་བེད་སྤྱོད་ཐད་ཀྱི་བཅའ་ཁྲིམས་གཏན་འབེབས་རེད།

གཞིས་ལས་ཞིག་གསོ་མ་དངུལ་ཞེས་པ་དེར་བཟོ་སྐྲུན་ལ་ཞིག་གསོ་ཆེན་པོ་དང་གསར་བསྒྱུར་བྱེད་པའི་ཐད་གྲབས་གསོག་བྱེད་པའི་མ་དངུལ་ཞེས་ཀྱང་ཟེར། དེ་ནི་ཆེད་དུ་གཞིས་ལས་སྤྱི་སྤྱོད་ཀྱི་ཆ་ཤས་དང་སྤྱི་སྤྱོད་སྒྲིག་བཀོད་དང་སྒྲིག་ཆས་ཀྱི་དུས་བཅད་ལོངས་རྗེས་ཀྱི་ཞིག་གསོ་ཆེན་པོ་དང་གསར་བསྒྱུར། བསྒྱུར་བཀོད་བྱེད་པར་སྤྱོད་པའི་མ་དངུལ་ཡིན། དེའི་ཁྲོད་ཀྱི་སྤྱི་སྤྱོད་ཆ་ཤས་ཞེས་པ་ནི་བཟོ་སྐྲུན་དངོས་པོའི་གཙོ་གཞིའི་སྒྲིག་གཞིའི་ཆ་ཤས་དང་ཕྱི་རྩིག སྒོ་ཁྱམས། ཐེམ་སྐས། བར་ཁྱམས་དང་རྒྱུ་ལམ་སོགས་ལ་བྱ།

འཚོ་བའི་ཁྲོད་དུ། གཞིས་ལས་གནད་དོན་སྟེང་ནས་བྱུང་བའི་བཅའ་ཁྲིམས་ཀྱི་རྩོད་གླེང་ཐད་སྤྱོད་རུང་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ《དམངས་དོན་ཁྲིམས་གཞུང》དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི《བཟོ་སྐྲུན་དངོས་པོའི་བདག་དབང་དགར་བའི་རྩོད་གླེང་གི་གྱོད་དོན་ཞིབ་གཅོད་བྱེད་པའི་བྱེ་བྲག་གི་ཉེར་མཁོའི་བཅའ་ཁྲིམས་ཀྱི་གནད་དོན་འགའི་སྐོར་གྱི་གསལ་འགྲེལ》དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི《གཞིས་ལས་དོ་དམ་སྒྲིག་སྲོལ》དང་དེ་མིན་པུའུ་ཨུའི་སྒྲིག་ཡིག《སྡོད་ཁང་གི་ཆེད་དམིགས་ཞིག་གསོ་མ་དངུལ་དོ་དམ་བྱེད་ཐབས》སོགས་ཀྱི་གཏན་འབེབས་སྤྱོད་རུང་བ་ཡིན། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号