གཉེན་མ་བསྒྲིགས་སྔོན་ལ་ནད་གཞི་ཚབས་ཆེན་ཡོད་པ་གསང་ན། གཉེན་བསྒྲིགས་རྗེས་བཟའ་ཟླས་གཉེན་སྒྲིག་ཕྱིར་འཐེན་བྱེད་པའི་རེ་འདུན་ཞུ་ཆོག་གམ།

གྱོད་དཔེ།

བཀྲ་ཤིས་དང་སྒྲོལ་མ་གཉིས་གཞན་གྱིས་ངོ་སྤྲོད་བྱས་པ་བརྒྱུད་དེ་ངོ་ཤེས་པ་དང་། ལོ་ཕྱེད་ཙམ་ལ་འགྲོགས་རྗེས་གཉེན་སྒྲིག་དཔང་ཡིག་བླངས། བཀྲ་ཤིས་ལ་གཉེན་མ་བསྒྲིགས་སྔོན་ནས་སྨྱོ་ནད་བྱུང་ཡོད་མོད། ཁོས་བཟའ་མི་གང་བོ་དང་མཉམ་དུ་སྒྲོལ་མར་དོན་དེ་སྦ་གསང་བྱས། གཉེན་བསྒྲིགས་རྗེས། བཀྲ་ཤིས་ལ་ཨ་ཕ་ཚེ་ལས་འདས་པའི་དོན་དེའི་ཤུགས་རྐྱེན་འོག ཡང་བསྐྱར་སྨྱོ་ནད་འཕར་བར་མ་ཟད། ནད་འཕར་སྐབས་སྒྲོལ་མར་གཅར་རྡུང་བྱས་ཏེ་རྨས་སྐྱོན་མང་པོ་བཟོས། སྐབས་དེར་དོན་གྱི་མགོ་མཇུག་གཞི་ནས་ཤེས་པའི་སྒྲོལ་མས་དོན་དེ་དང་ལེན་བྱེད་མ་ཐུབ་པར་ཁྲིམས་ཁང་དུ་སོང་སྟེ་གཉེན་སྒྲིག་ཕྱིར་འཐེན་བྱེད་པའི་རེ་འདུན་ཞུས་པ་ལ། ཁྲིམས་ཁང་གིས་མོར་རྒྱབ་སྐྱོར་བྱེད་དམ།

གྱོད་དོན་དབྱེ་ཞིབ།

གྱོད་དོན་འདིའི་རྩོད་གཞི་ནི་དོ་བདག་ལ་ནད་གཞི་ཚབས་ཆེན་ཡོད་པ་གསང་ནས་མ་བཤད་པ་ཡིན་ན། གཉེན་སྒྲིག་ཕྱིར་འཐེན་བྱས་ཆོག་མིན་ལ་ཐུག་ཡོད། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། ཕྱོགས་གཅིག་ལ་ནད་གཞི་ཚབས་ཆེན་ཕོག་ཡོད་ན། གཉེན་སྒྲིག་ཐོ་འགོད་མ་བྱས་པའི་སྔོན་དུ་ཅིག་ཤོས་ལ་དྲང་མོར་བཤད་དགོས། དྲང་མོར་མ་བཤད་ན་ཕྱོགས་གཞན་དེས་མི་དམངས་ཁྲིམས་ཁང་ལ་གཉེན་སྒྲིག་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་ཞུས་ཆོག གྱོད་དོན་འདིའི་ནང་དུ། བཀྲ་ཤིས་ལ་གཉེན་མ་བསྒྲིགས་སྔོན་ནས་སྨྱོ་ནད་ཕོག་ཡོད་པ་དང་། དེ་ནི་ནད་གཞི་ཚབས་ཆེན་དུ་གཏོགས་པས་ཁོས་སྒྲོལ་མར་དྲང་མོར་བཤད་ན་འགྲིག ཡིན་ནའང་། ཁོས་རང་གི་བཟའ་མི་དང་མཉམ་དུ་སྒྲོལ་མར་གནས་ཚུལ་ངོ་མ་སྦ་གསང་བྱས་པས། བཟའ་ཟླའི་གནས་ཚུལ་ཤེས་རྟོགས་དབང་ཆ་ལ་གནོད་སྐྱོན་བཟོས་པ་དེ་ནི་གཉེན་སྒྲིག་ཕྱིར་འཐེན་བྱེད་ཆོག་པའི་ཁྲིམས་བཀོད་ཀྱི་རྒྱུ་མཚན་དུ་གཏོགས་པ་རེད། དེ་ལྟ་ན། སྒྲོལ་མས་དོན་དག་འདི་རྒྱུ་མཚན་དུ་དྲངས་ཏེ་ཁྲིམས་ཁང་ལ་གཏུག་ཆོག་ཅིང་། མི་དམངས་ཁྲིམས་ཁང་ལ་གཉེན་སྒྲིག་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་ཞུ་ཆོག

འབྲེལ་ཡོད་ཁྲིམས་ཚན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1053པ། ཕྱོགས་གཅིག་ལ་ནད་གཞི་ཚབས་ཆེན་ཕོག་ཡོད་ན། གཉེན་སྒྲིག་ཐོ་འགོད་མ་བྱས་པའི་སྔོན་དུ་ཅིག་ཤོས་ལ་དྲང་མོར་བཤད་དགོས། དྲང་མོར་མ་བཤད་ན། ཅིག་ཤོས་དེས་མི་དམངས་ཁྲིམས་ཁང་ལ་གཉེན་སྒྲིག་ཕྱིར་འཐེན་བྱེད་པའི་རེ་འདུན་ཞུ་ཆོག

གཉེན་སྒྲིག་ཕྱིར་འཐེན་བྱེད་དགོས་པའི་རེ་འདུན་ཞུ་ན། ཕྱིར་འཐེན་བྱེད་དགོས་པའི་རྒྱུ་མཚན་ཤེས་པའམ་ཡང་ན་ཤེས་དགོས་པའི་ཉིན་ནས་བཟུང་ལོ་ངོ་གཅིག་གི་ནང་ཚུན་དུ་རེ་འདུན་ཞུ་དགོས།

དོན་ཚན1054པ། ནུས་པ་མི་ལྡན་པའམ་ཕྱིར་འཐེན་བྱས་པའི་གཉེན་སྒྲིག་ལ་ཐོག་མ་ཉིད་ནས་བཅའ་ཁྲིམས་ཀྱི་འཆིང་ནུས་མེད་པ་དང་། དོ་བདག་ལ་ཁྱོ་ཤུག་གི་ཁེ་དབང་དང་འོས་འགན་མེད། འགབ་མཐུན་མཉམ་སྡོད་བྱེད་རིང་ཐོབ་པའི་རྒྱུ་ནོར་ནི་དོ་བདག་བར་དུ་གྲོས་དན་བཞག་ནས་ཐག་གཅོད་དགོས། གྲོས་ཁ་མ་མཐུན་ན། མི་དམངས་ཁྲིམས་ཁང་གིས་ནོར་འཛོལ་མེད་མཁན་ཕྱོགས་ལ་ལྟ་སྐྱོང་བྱེད་པའི་རྩ་དོན་གཞིར་བཟུང་ནས་དཔྱད་མཚམས་གཏོང་དགོས། གཉེན་སྒྲིག་བརྩེགས་མ་བྱས་པའི་རྐྱེན་གྱིས་ནུས་པ་མི་ལྡན་པར་གྱུར་པའི་གཉེན་སྒྲིག་གི་རྒྱུ་ནོར་ཐག་གཅོད་དགོས་ཚེ། ཁྲིམས་མཐུན་གཉེན་སྒྲིག་དོ་བདག་གི་རྒྱུ་ནོར་ཁེ་དབང་ལ་གནོད་འཚེ་བཏང་མི་ཆོག དོ་བདག་ལ་སྐྱེས་པའི་བུ་ཕྲུག་སྐོར་ལ་བཅའ་ཁྲིམས་འདིའི་ཕ་མ་དང་བུ་ཕྲུག་སྐོར་གྱི་གཏན་འབེབས་སྤྱད་འཐུས།

གཉེན་སྒྲིག་ལ་ནུས་པ་མེད་པའམ་གཉེན་སྒྲིག་ཕྱིར་འཐེན་བྱས་ཚེ། ནོར་འཛོལ་མེད་མཁན་ཕྱོགས་ལ་གནོད་སྐྱོན་སྐྱིན་གསབ་འཇལ་དགོས་པའི་རེ་འདུན་འདོན་དབང་ཡོད།

ཁྲིམས་ཚན་ཞིབ་འགྲེལ།

གོང་གི་ཁྲིམས་ཚན་དག་ནི་དམངས་དོན་ཁྲིམས་གཞུང་ལས་ནད་གཞི་སྦ་གསང་བྱས་པས་གཉེན་སྒྲིག་ཕྱིར་འཐེན་བྱེད་ཆོག་པ་དང་དེ་མིན་གཉེན་སྒྲིག་ནུས་མེད་དང་ཕྱིར་འཐེན་བྱས་པའི་བཅའ་ཁྲིམས་མཇུག་འབྲས་ཐད་ཀྱི་གཏན་འབེབས་རེད།

ཕྱོགས་གཅིག་གིས་ནད་གཞི་སྦ་གསང་བྱས་པས་གཉེན་སྒྲིག་ཕྱིར་འཐེན་བྱས་ན། གཤམ་གྱི་ཆ་རྐྱེན་འགའ་ཚང་དགོས་ཏེ། (1)ཕྱོགས་གཅིག་ལ་གཉེན་མ་བསྒྲིགས་པའི་སྔོན་ནས་ནད་གཞི་ཚབས་ཆེན་ཡོད་པ། ནད་གཞི་ཚབས་ཆེན་ཞེས་པ་ནི་ག་འདྲ་ཞིག་ལ་གོ་བ་ཡིན་ཞེ་ན། དམངས་དོན་ཁྲིམས་གཞུང་དུའང་གཏན་འབེབས་བྱས་མེད། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་འཛིན་འགྲེལ་བཤད་ཀྱི་གཏན་འབེབས་ལྟར་ན། ནད་གཞི་ཚབས་ཆེན་ལ་གཙོ་བོ་རྒྱུད་འདེད་རང་བཞིན་གྱི་ནད་གཞི་དང་འགོས་ནད་རང་བཞིན་གྱི་ནད་གཞི། དབང་རྩ་དང་འབྲེལ་ཡོད་ཀྱི་ནད་གཞི་སོགས་འདུ། དེ་ཡང་ནད་གཞི་ཡོད་ཚད་སྣང་ཚུལ་འདི་དག་གི་རིགས་སུ་གཏོགས་པའི་ངེས་པ་མེད། (2)ཕྱོགས་གཅིག་གིས་ནད་གཞི་ཚབས་ཆེན་ཡོད་པའི་དོན་དངོས་བསམ་བཞིན་སྦ་གསང་བྱས་པ། (3)ངེས་པར་དུ་མི་དམངས་ཁྲིམས་ཁང་ལ་གཉེན་སྒྲིག་ཕྱིར་འཐེན་བྱེད་པའི་རེ་འདུན་འདོན་དགོས། (4)ཕྱོགས་གཅིག་གིས་གཉེན་མ་བསྒྲིགས་པའི་སྔོན་ལ་ནད་གཞི་ཚབས་ཆེན་ཡོད་པ་ཤེས་པའམ་ཡང་ན་ཤེས་དགོས་པའི་ཉིན་ནས་བཟུང་ལོ་ངོ་གཅིག་གི་ནང་དུ་འདོན་དགོས།

གལ་ཏེ་གཉེན་འབྲེལ་དངོས་གནས་ཁྲིམས་ལྟར་ཕྱིར་འཐེན་བྱས་ཚེ། མགོ་མཇུག་བར་གསུམ་དུ་བཅའ་ཁྲིམས་ཀྱི་ཚོད་འཛིན་ནུས་པ་མེད་ལ། དོ་བདག་ལ་བཟའ་ཟླའི་དབང་ཆ་དང་འོས་འགན་ཡང་མེད། དེ་དང་ཆབས་ཅིག ནོར་འཛོལ་མེད་པའི་ཕྱོགས་ཀྱིས་ཕ་རོལ་བར་གྱོང་གསབ་འཇལ་དགོས་པའི་རེ་འདུན་བཏོན་ཆོག །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号