སྤྱི་ལོ2025ལོའི་ཟླ3པའི་ཚེས28ཉིན་ནི་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ66འཁོར་བའི་དྲན་གསོའི་ཉིན་མོ་ཞིག་རེད། དེ་ཉིན་ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས2000ལྷག་ཙམ་གྱིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཐོག་འཛོམས་ཏེ་རྒྱལ་དར་སྒྲེང་བ་དང་། རྒྱལ་གླུ་བླངས་ནས་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ66འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་རེད།
སྤྱི་ལོ1959ལོར། ཟིལ་རླབས་དགུང་དུ་འཕྱུར་བའི་མང་ཚོགས་རང་བཞིན་གྱི་དམངས་གཙོའི་བཅོས་སྒྱུར་གྱིས་ཆོས་སྲིད་ཟུང་འབྲེལ་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་ནས་བོད་ལྗོངས་ཀྱི་མི་དམངས་རྣམས་རང་ཁྱིམ་རང་བདག་གི་དུས་རབས་གསར་པ་བཏོད་ཡོད། དེ་ནི་བོད་ལྗོངས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་རྒྱ་ཆེ་ཤོས་དང་། གཏིང་ཟབ་ཤོས། རླབས་ཆེ་ཤོས་བཅས་ཀྱི་སྤྱི་ཚོགས་འཕོ་འགྱུར་ཞིག་དང་། བོད་ལྗོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་ཡར་ཐོན་གྱི་དུས་རབས་གསར་འབྱེད་ཀྱི་ལོ་རྒྱུས་དོན་ཆེན་ཞིག་ཡིན་ལ། མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ལོ་རྒྱུས་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་པའི་ཡར་རྒྱས་ཤིག་ཀྱང་ཡིན།
བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཐལ་སྤུངས་སྒང་སྡེ་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོང་མི་བགྲེས་སོང་བློ་བཟང་ཆོས་འཕེལ་གྱིས། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་བོད་ལྗོངས་ཀྱི་ཕྱོགས་གང་ས་ཅི་ཐད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དེར་བརྟེན་དེ་རིང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ66འཁོར་བར་དྲན་གསོ་ཞུ་བའི་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི་རྟེན་འབྲེལ་མཛད་སྒོ་འདིར་ཞུགས་ནས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་མེས་རྒྱལ་འདི་ཉིད་སྔར་བས་སྟོབས་འབྱོར་མངའ་ཐང་རྒྱས་པའི་བཀྲིས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
ལོ་ངོ66རིང་། བཅིངས་འགྲོལ་ཐོབ་པའི་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་འོག བདག་པོའི་ཉམས་འགྱུར་དང་སྔར་བྱུང་མྱོང་མེད་པའི་སྤྲོ་སེམས་ཀྱི་ཐོག་ནས་སྤྱི་ཚོགས་གསར་པ་འཛུགས་སྐྲུན་དང་འཚོ་བ་གསར་པ་གཏོད་པའི་རླབས་ཆེན་གྱི་བྱ་གཞག་ནང་ཞུགས་ཏེ། དེང་གི་བོད་ལྗོངས་འདི་ཉིད་སྤྱི་ཚོགས་དེ་བས་བརྟན་ལྷིང་དང་། དཔལ་འབྱོར་དང་རིག་གནས་དེ་བས་དར་ཞིང་རྒྱས་པ། སྐྱེ་ཁམས་ཁོར་ཡུག་དེ་བས་ལེགས་པ། མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་རྐྱང་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་བཤམས་ཡོད།
བོད་རང་སྐྱོང་ལྗོངས་ས་ཡོམ་ཅུད་ཀྱི་ལས་དོན་མི་སྣ་བུ་ཆུང་གིས། ང་ཚོ་ནི་ཏང་དར་འོག་འཚར་ལོང་བྱུང་བའི་གསར་སྐྱེས་གཞོན་ནུ་ཞིག་ཡིན། སྔར་བས་མཛེས་སྡུག་ལྡན་པའི་བོད་གསར་འཛུགས་སྐྲུན་བྱ་རྒྱུ་ནི་ང་ཚོའི་འོས་འགན་ཡིན་ལ་ང་ཚོར་བོད་གསར་འཛུགས་སྐྲུན་བྱེད་པའི་སེམས་ཤུགས་ནི་དེ་བས་ཀྱང་ཡོད་ཅེས་བརྗོད་པ་རེད།
སྤྱི་ལོ2025ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བ་དང་། ལོ་ལྔ་ཚན་གྱི་འཆར་གཞི་བཅུ་བཞི་པའི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་མཇུག་འགྲིལ་གྱི་ལོ་ཡིན་ལ། བོད་ལྗོངས་ཀྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས། ད་ལོའི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། ལྷག་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐྲུལ་འདེད་གཏོང་བའི་གཙོ་རྐང་ལས་འགན་འདིར་དམ་འཛིན་ནན་པོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལེའུ་རྩོམ་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བའི་ལོ་ཞིག་བཅས་ཡིན།
བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་ཁྲོམ་གཞུང་ཙུའུ་ཡི་དྲིལ་བསྒྲགས་ཨུ་ཡོན་སྤེན་པ་སྒྲོལ་མས། དེ་རིང་གི་བདེ་སྐྱིད་ལྡན་པའི་འཚོ་བ་འདི་ལྟ་བུ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པས། ཁྲོམ་གཞུང་དོན་གཅོད་ཁང་གི་ལས་དོན་མི་སྣ་ཞིག་ཡིན་པའི་ངོས་ནས་སླད་མུ་མཐུད་དེ་མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུས་ཏེ་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་ཆེད་རང་ནུས་གང་ཡོད་ཀྱིས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།
བོད་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྤྱི་ལོ1959ལོའི་སྒོར་དུང་ཕྱུར་1.74ནས2024ལོའི་སྒོར་དུང་ཕྱུར2764.94བར་འཕར་བ་དང་། བོད་ལྗོངས་ཀྱི་མི་འབོར་སྤྱི་ལོ1959ལོའི་མི་ཁྲི་122.8ནས་སྤྱི་ལོ2024ལོའི་མི་ཁྲི370བར་མང་དུ་ཕྱིན་པ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ35.5ནས་ལོ72.5བར་རིང་དུ་ཕྱིན་ཡོད། ད་ཆའི་བོད་ལྗོངས་སུ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ་དང་། ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་རྒྱ་བཅས་ཀྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་ཕྱིན་པ། གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི12.49ལྷག་ཙམ་ཟིན་པ། དམངས་སྤྱོད་མཁའ་འགྲུལ་གྱི་མ་ལམ་དང་ཡན་ལག་ལམ་སྦྲེལ་མཐུད་ཐུབ་པ། ལྕགས་ལམ་གྱི་ལམ་ཐིག་གཙོ་བོ་ཤར་གཏོང་ཐུབ་པ། “གྲོང་ཁྱེར་ལྔའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱའི”ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་ཕྱོགས་ཡོངས་ནས་བསྐྲུན་པ། 5Gབརྡ་རྟགས་ས་བབ་མཐོ་ཚད་སྨི5200ཟིན་པའི་གྲོང་ཚོར་ཁྱབ་པ། རྒྱལ་ཡོངས་ཀྱི་སྔོན་ལ་སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ15ཡི་གཞུང་གྲོན་སློབ་གསོའི་མ་ལག་བསྐྲུན་པ། རྒྱང་བསྟེན་སྨན་བཅོས་ཞབས་ཞུ་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་ཚང་མར་ཁྱབ་པ། 2024ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར55444དང་སྒོར21578སོ་སོར་ཟིན་པ་བཅས་བྱུང་ཡོད།
བོད་ལྗོངས་ལྷ་ས་གྲོང་ཁྱེར་སློབ་འབྲིང་གསུམ་པའི་དམའ་འབྲིང་ལོ་རིམ་གཉིས་པའི་སློབ་མ་བསྟན་འཛིན་དབང་ཕྱུག་གིས། དུས་རབས་གསར་པའི་ཉི་གཞོན་དང་འདྲ་བའི་སློབ་མ་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཤེས་བྱ་རིག་པའི་གནས་ལ་འབད་པ་ལྷོད་མེད་བྱས་ནས་བོད་གསར་འཛུགས་སྐྲུན་པ་ཞིག་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注