མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་འོས་སྦྱོར་ཚོགས་འདུ་སྐབས་གཉིས་པ་པེ་ཅིང་དུ་བསྡུས།
ལྗང་མདོག་རྩིས་ནུས་མཉམ་སྐྲུན་བྱེད་པ་དང་། སྤུས་གསར་མ་འོངས་མཉམ་བསྐྲུན་བྱེད་རྒྱུ་བརྗོད་དོན་དུ་བྱས་པའི་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་འོས་སྦྱོར་ཚོགས་འདུ་སྐབས་གཉིས་པ་ཟླ3པའི་ཚེས28ཉིན་པེ་ཅིང་དུ་བསྡུས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་གློག་རྡུལ་སྲིད་དོན་གྱི་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཆིན་མེན་ཚོགས་འདུར་ཞུགས་ནས་ཤིས་ཚིག་ཕུལ།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། རྒྱལ་ཁབ་འཕེལ་རྒྱས་བཅོསབསྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། རྒྱལ་ཁབ་གཞི་གྲངས་ཅུའུ་ཡི་ཅུའུ་ཀྲང་ལིའུ་ལེ་ཧུང་གིས་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་གིས་བརྗོད་དོན་ངོ་སྤྲོད་བྱས།
ཝང་ཆིན་མེན་གྱིས་བཤད་རྒྱུར། གོ་ལ་ཧྲིལ་བོའི་ནམ་ཟླའི་འགྱུར་ལྡོག་དང་ཚན་རྩལ་གསར་གཏོད་དང་ནུས་ཁུངས་ཚུལ་སྒྱུར་གྱི་གནས་བབ་གསར་བར་ཁ་ཕྱོགས་ནས། ཐཱན་དམའ་ནུས་ལྡན་གྱི་ལྗང་མདོག་རྩིས་ནུས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་དུས་རབས་ཀྱི་དགོས་མཁོ་དང་མཐུན་པ་མ་ཟད། གཞི་གྲངས་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དང་རྒྱལ་ཁབ་ཆེན་པོའི་ཁག་ཁུར་མངོན་པའི་བརྗོད་གཞི་གལ་ཆེན་ཡིན། རྒྱལ་ཁབ་ཀྱི་ཐཱན་ཟུང་དམིགས་འབེན་དང་ཤར་གྲངས་ནུབ་རྩིས་བཟོ་སྐྲུན་གྱི་ལོ་རྒྱུས་རང་བཞིན་གྱི་རྩེག་སྣོན་གྱིས། མཚོ་སྔོན་ལ་ལྗང་མདོག་རྩིས་ནུས་ཀྱི་མཆོང་བརྒལ་ལུགས་ཀྱི་འཕེལ་རྒྱས་ཐད་ཀྱི་སྒེའུ་ཁུང་ཕྱེས་ཡོད། མཚོ་སྔོན་གྱིས་གསར་གཏོད་འཕེལ་རྒྱས་ལ་རྐང་འཛུགས་པ་དང་། ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་མཐོ་སྔོན་དཔེ་གཞི་གསར་སྐྲུན་བྱས་ནས། རིག་རྩིས་ནུས་ཁུངས་ཀྱི་དཀའ་གནད་ཐག་གཅོད་པའི་ཐད་མཚོ་སྔོན་གྱི་ལན་སྟེར་དགོས། རང་བྱུང་ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་བཙུགས་ནས། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་བསྐྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲན་ལམ་གསར་བ་འབྱེད་དགོས། སྐྱེ་ཁམས་ཀྱི་དགེ་མཚན་ལ་རྐང་བཙུགས་ཏེ། སྐྱེ་ཁམས་བཅོས་སྐྱོང་དེང་རབས་ཅན་གྱི་ཚད་ཤིང་འཛུགས་པ་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་མཚོ་སྔོན་གྱི་མིག་དཔེ་འདོན་སྤྲོད་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།
ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་ཁ་ཕྱོགས་གསར་བ་བསྟན་པ་དང་འགན་འཁྲི་གསར་བ་བསྩལ་ཡོད། མཚོ་སྔོན་གྱིས་མངག་བཅོལ་བློ་ལ་བརྟན་པོར་འཛིན་པ་དང་། ཏན་ཏན་ཏིག་ཏིག་དང་ཤུགས་སྒྲིམ་མདུན་སྐྱོད་བྱེད་པ་དང་། དག་གཙང་ནུས་ཁུངས་དང་མི་ཐབས་རིག་ནུས། གཞི་གྲངས་དཔལ་འབྱོར་བཅས་ཟུང་འབྲེལ་དམ་ཟབ་བྱེད་པ། མཐོ་སྒང་གི་ལྗང་རྩིས་མཚོ་ལྗང་མགྱོགས་མྱུར་སྒོས་ཚུལ་སྒྱུར་བྱས་ཏེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ལམ་གསར་བ་བཏོད་པ་དང་། གྲངས་རིག་མཉམ་རྒྱལ་ཀྱི་གནམ་ས་གསར་བ་བསྐྲུན་དགོས། མི་ཐབས་རིག་ནུས་འཕེལ་རྒྱས་སུ་གཏོང་བའི་གནད་འགག་ནི་རྩིས་ནུས་ཡིན་པ་དང་། འདེགས་སྐྱོར་ནི་ནུས་ཁུངས་ཡིན་ལ། མ་འོངས་པ་ནི་དག་གཙང་ནུས་ཁུངས་ཡིན། ལྗང་མདོག་རྩིས་ནུས་ནི་དུས་རབས་ཀྱིས་མཚོ་སྔོན་གྱི་གནས་ཚུལ་ལ་གཞིགས་ནས་བསྐྲུན་པའི་འགྲན་ལམ་གསར་བ་ཡིན་པས། ཆུ་བོའི་བཞུར་རྒྱུན་ཤར་ལ་ཕྱོགས་པ་བཞིན་མཚམས་ཆད་མི་སྲིད་ལ། ཀྲུང་ཧྭའི་ས་གཞིར་གསོ་བཅུད་སྦྱིན་ངེས། ཚང་མ་མཚོ་སྔོན་དུ་ཕེབས་ནས། ཀུན་གྱི་རིག་སྟོབས་གཅིག་ཏུ་བསྡུ་བ་དང་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། མཉམ་སྐྱོད་རྒྱང་ཆོད་ཀྱི་ལྗང་རྩིས་འཕེལ་རྒྱས་ཀྱི་ལེའུ་གསར་བ་མཉམ་འབྲི་བྱེད་རྒྱུར་གདན་ཞུ་བྱས་པ་ཡིན།
ལིའུ་ལེ་ཧུང་གིས་བཤད་རྒྱུར། མཚོ་སྔོན་གྱིས་མཐོ་གནས་ཇུས་འགོད་དང་ཤུགས་དྲག་སྐུལ་སྤེལ་བྱས་ནས། ལྗང་མདོག་རྩིས་ནུས་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་བཏང་བ་དང་། ནུས་ཁུངས་ཕྱིར་འདྲེན་ནས་རྩིས་ནུས་ཕྱིར་གཏོང་དུ་ཚུལ་སྒྱུར་བྱེད་པའི་གོམ་སྟབས་གལ་ཆེན་བསྒྱུར། རྒྱལ་ཁབ་གཞི་གྲངས་ཅུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ། ལྗང་མདོག་རྩིས་ནུས་དང་ལྗང་མདོག་གློག་ཤུགས་ཐད་ཀྱི་མཉམ་ལས་སྔར་ལས་བཟང་བོར་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱེད་པ། སྐུལ་སློང་རྐྱེན་སྲོལ་ཇེ་དྲག་ཏུ་གཏོང་བ། སྔོན་སྐྱོད་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་ཆེན་པོ་བྱེད་པ། རྩིས་ནུས་ཀྱི་རྨང་གཞི་སྒྲིག་ཆས་ཀྱི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། གཞི་གྲངས་ལྟེ་གནས་ཀྱི་ལྗང་མདོག་ཐཱན་དམའ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རང་བདག་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། དག་གཙང་གི་གློག་ཤུགས་མོད་པོར་བརྟེན་ནས་གཞི་ཁྱོན་ལྗང་མདོག་འཕེལ་རྒྱས་ལ་འགན་སྲུང་བྱས་ཏེ། རྒྱལ་ཁབ་རྩིས་ནུས་ཐོན་ཁུངས་ཀྱི་གྲུབ་ཚུལ་ལེགས་སྒྱུར་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
ལའོ་ཏུང་ཁྲོན་གྱིས་བཤད་རྒྱུར། ཐེངས་འདིའི་འོས་སྦྱོར་ཚོགས་འདུ་བསྡུ་བའི་དམིགས་འབེན་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་གསར་སྐྲུན་བྱེད་པ། ལོ་གཅིག་རིང་གི་མཚོ་སྔོན་གྱི་ལྗང་མདོག་རྩིས་གློག་མཉམ་ལས་འཕེལ་རྒྱས་ཐད་ཀྱི་གྲུབ་འབྲས་ཆེས་གསར་བ་མ་ལག་སྒོས་འགྲེམ་སྟོན་བྱེད་པ། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ནས། བརྗེ་རེས་མཉམ་ལས་ཕྱོགས་ཡོངས་ནས་ཇེ་ཟབ་ཏུ་གཏོང་རྒྱུ་དེ་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་བློ་ལ་བརྟན་པོར་འཛིན་པ་དང་། སྐྱེ་ཁམས་དེ་མ་མདོག་ཏུ་བྱེད་རྒྱུ་དང་གསར་གཏོད་དེ་སྒུལ་ཤུགས་སུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལས་རིགས་ཀྱི་ཚད་གཞི་གཏན་ཁེལ་བྱེད་པའི་བསམ་བློའི་གསོལ་སྟོན་དང་ལག་རྩལ་གྱི་གསར་བརྗེ་སྐྱེད་སྲིང་བྱེད་པའི་གསར་གཏོད་ཀྱི་འགུལ་སླེ། མ་འོངས་པའི་ཐོན་ལས་གསར་འཛུགས་བྱེད་པའི་འཐབ་ཇུས་ཀྱི་འདེགས་གནས་བཅས་རྒྱུན་མཐུད་ངང་གསར་སྐྲུན་བྱེད་པ་དང་། ལྗང་མདོག་རྩིས་ནུས་མཉམ་སྐྲུན་བྱེད་པ། སྤུས་གསར་མ་འོངས་མཉམ་བསྐྲུན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐད་མཚོ་སྔོན་གྱི་རིག་སྟོབས་འབུལ་དགོས།
ཀྲང་ཅིན་ཀང་གིས་བཤད་རྒྱུར། ན་ནིང་གི་ཚུན་དུ། མཚོ་སྔོན་གྱིས་ལྗང་མདོག་རྩིས་ནུས་ཐོན་ལས་ཕྱོགས་ཡོངས་ནས་གོང་འཕེལ་དུ་གཏོང་མགོ་རྩོམ་པར་སྐུལ་འདེད་བཏང་བ་དང་། གྲུབ་འབྲས་གཡུར་དུ་ཟ་བ་བླངས། མ་འོངས་པར་ཁ་ཕྱོགས་ནས། མཚོ་སྔོན་གྱིས་རྒྱལ་ཁབ་ལྗང་མདོག་རྩིས་ནུས་ཀྱི་ཞབས་ཞུའི་སྔོན་སྐྱོད་ཁུལ་གསར་སྐྲུན་བྱེད་པ་དང་། ལྗང་མདོག་རྩིས་ནུས་མཉམ་འབྲེལ་འཕེལ་རྒྱས་སུ་གཏོང་བའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ། གཞི་གཅིག་ཅན་གྱི་རྩིས་ནུས་དྲ་རྒྱའི་ནུབ་རྒྱུད་ཚོད་ལྟ་ཁུལ་འཛུགས་པ། གཞི་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོའི་འཁོར་རྒྱུག་བེད་སྤྱོད་ཀྱི་གསར་གཏོད་ཁུལ་བཙུགས་ནས། ཁེ་ལས་མཚོ་སྔོན་ནས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་ཆེན་པོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་ལེའུ་གསར་བ་མཉམ་འབྲི་བྱེད་དགོས།
ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཨ་ལིས་སྤྲིན་གྱི་གསར་གཏོད་མི་སྣ་ཝང་ཅན་དང་། ཀྲུང་གོ་དབྱི་ཏུང་གི་སྤྱི་གཉེར་བ་ཧི་པིའོ། ཀྲུང་གོ་ལེན་ཐུང་གི་སྤྱི་གཉེར་བ་ཅན་ཆིན། ཙི་ཀོང་མ་རྐང་གི་རྐང་འཛིན་དབུ་གཙོ། ཞིན་ཧྭ་སྡེ་ཚོགས་གསུམ་པའི་ཙུང་ཚའེ་དང་དབུ་བཞུགས་ལག་བསྟར་དཔོན་པོ་ཡུས་དབྱིན་ཐའོ། ཐེན་ཧི་འོད་ནུས་ཀྱི་རྐང་འཛིན་དབུ་གཙོ་ཀའོ་ཅི་ཧྥན། སུའེ་ཡོན་ཚན་རྩལ་གྱི་གསར་འབྱེད་པ། དབུ་བཞུགས་བདག་གཉེར་དཔོན་པོ་ཀྲང་ཡ་ལེན་བཅས་ཀྱིས་གཙོ་དོན་གཏམ་བཤད་སྤེལ།
འོས་སྦྱོར་ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་མཉམ་ལས་འཕེལ་རྒྱས་ཀྱི་སྙན་ཞུའི་དེབ་སྔོན་ཁྱབ་བསྒྲགས་བྱས། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས2024ལོར་མཚོ་སྔོན་གྱི་ལྗང་གློག་བཀོལ་སྤྱོད་བྱས་པའི་ཁེ་ལས་བཅུ་ལ་ལྗང་མདོག་རྩིས་ནུས་བཀོལ་སྤྱོད་ཀྱི་འཛིན་ཡིག་བྱིན་པ་དང་། སྤྱིའི་མ་དངུལ་གཏོང་ཚད་སྒོར་ཐེར་ཆེན་གཉིས་ལས་བརྒལ་བའི་ལས་གཞི་གལ་ཆེན་བརྒྱད་ལ་གཅིག་བསྡུས་སྒོས་གྲོས་མཐུན་བཀོད།
རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་གི་ཁེ་ལས། མཉམ་འབྲེལ་དྲ་རྒྱ་དང་འབྲེལ་ཡོད་ཁེ་ལས་ཀྱི་མགོ་ཁྲིད་དང་། ཞིང་ཆེན་གྱི་མགོ་ཁྲིད་ཝང་ཏ་ནན་དང་ཀྲུའུ་ཞང་ཧྥིན་བཅས་ཚོགས་འདུར་ཞུགས། ཞིབ་འཇུག་ལས་ཁུངས་བཅོ་ལྔ་དང་། གཞི་གྲངས་དཔལ་འབྱོར་ཁྱབ་ཁོངས་ཀྱི་མིང་གྲགས་ཁེ་ལས་བརྒྱ་དང་རེ་དྲུག མཚོ་སྔོན་དུ་བཙུགས་པའི་ཁེ་ལས་བཅས་ཚོགས་འདུར་ཞུགས།
ཚོགས་འདུའི་སྔོན་དུ། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་སྐུ་མགྲོན་ཚོ་དང་བཞུགས་མོལ་བྱས་པར་མ་ཟད། མཉམ་དུ་འོས་སྦྱོར་འགྲེམ་སྟོན་ལ་བལྟས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注