རིན་ཆེན་སྒྲོལ་མས་སྲོལ་རྒྱུན་གྱི་གྱོན་གོས་ལ་འགུག་ཤུགས་གསར་པ་བསྩལ།

རིན་ཆེན་སྒྲོལ་མས་གྱོན་གོས་ཇུས་འགོད་འགྲན་སྡུར་གྱི་གཟེངས་རྟགས་བླངས་པ།

ཡང་སྙིང་སྣེ་འཁྲིད་མཁན་ཅི་འདྲ་ཞིག་གིས་ད་གཟོད་མང་ཚོགས་ཀྱི་མིག་ལམ་གྱི་སྲོལ་རྒྱུན་གྱི་བོད་ལྭའི་གནའ་ཉམས་རྒྱུན་འཛིན་བྱེད་ཞོར་དུས་ཀྱི་རླབས་རྒྱུན་དང་ཡང་འཚམ་པར་བྱེད་ནུས་སམ། མི་མང་པོ་ཞིག་གོ་གནས་བརྩོན་པ་དང་མིང་གྲགས་སྙེག་པར་བྲེལ་བའི་དུས། མོས་ཅིའི་ཕྱིར་གཡོ་འགུལ་སྤུ་ཙམ་ཡང་མེད་པར་དམིགས་འབེན་ལ་གཏད་ནས་རང་ཉིད་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་སོང་ངམ།

འདི་ནི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་རིན་ཆེན་སྒྲོལ་མར་དབང་བའི་ཞིབ་འཇུག་བྱ་གཞི་ཡིན། མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་མེ་ཏོག་སྣ་བརྒྱ་བཞད་པའི་དུས་རབས་སུ་འཚོ་བའི་མོས་བཤད་རྒྱུར། “བསྲེགས་བཅད་བརྡར་གསུམ་བྱས་ན། ད་གཟོད་སོར་རྩེའི་ངོ་མཚར་འབྱུང་།”

1987ལོར། རིན་ཆེན་སྒྲོལ་མ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཚ་རྔ་འགག་གྲོང་རྡལ་ཁེ་ཚེ་སྡེ་བའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། མོའི་ཨ་མ་ནི་སྲོལ་རྒྱུན་བོད་ལྭའི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་རབས་གསུམ་པ་ཡིན་ཞིང་། ཕུལ་དུ་བྱུང་བའི་ལག་རྩལ་ལ་བརྟེན་ནས་གཅེན་གཅུང་གསུམ་པོ་སློབ་ཆེན་འགྲིམ་ཚར་དུ་བཅུག རིན་ཆེན་སྒྲོལ་མར་ཆུང་དུས་ནས་ཨ་མའི་བག་ཆགས་བསྒོས་པས་གཙག་དྲུབ་དང་ཐིག་དྲས་སོགས་ཀྱི་ལག་རྩལ་ཤེས།

སློབ་ཆེན་མཐར་ཕྱིན་རྗེས། རིན་ཆེན་སྒྲོལ་མ་ནི་གཏན་འཁེལ་ཁ་ཕྱོགས་སློབ་མའི་ངོས་ནས་ཞིང་ཆེན་གློག་ཤུགས་མ་ལག་ཁྲིམས་དོན་པུའུ་ཡི་ནང་དུ་སོང་། བྱ་བ་བཟང་པོ་ཡིས་མོ་ལ་རང་ཉིད་འབོར་དུ་མ་བཅུག་པར་མ་ཟད། མོས་ཕུགས་བསམ་སྙེག་པའི་གོམ་པ་ཇེ་མགྱོགས་སུ་བཏང་སྟེ། ཁོམ་སྐབས་བཙལ་ནས་བོད་ལྭ་ཇུས་འགོད་དང་བཟོ་བའི་ལས་ཀའི་ཁྲོད་ཞུགས་ཏེ་རང་ཉིད་ཀྱི་བོད་ལྭ་བཟོ་བའི་ལག་རྩལ་ཡང་ཡང་བརྡར།

དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་ཕུགས་བསམ་གྱི་ས་བོན་རིམ་བཞིན་རྒྱས་ཏེ་འབྲས་བུ་ཆེན་པོ་རེ་རེ་སྨིན། ཨ་མདོའི་བོད་ལྭའི་གྲགས་ཚད་རྒྱ་བསྐྱེད་ཕྱིར། མོས་རིག་གནས་བྱ་འགུལ་ཆེ་གྲས་ཀྱི་གོ་སྐབས་དམ་འཛིན་བྱས་པས་འཁྲབ་སྟོན་ལྭ་བ་བཟོ་བའི་ཚོང་ཟོག་མངག་ཐོ་བླངས་ཤིང་ལྟད་མོ་བས་ཁས་ལེན་པའི་བོད་ལྭ་ཇུས་འགོད་བྱེད་ཐུབ་པ་བྱུང་། རིན་ཆེན་སྒྲོལ་མས་བཤད་རྒྱུར། མཚམས་ལན་རེར་གྱོན་གོས་གཅིག་ཇུས་འགོད་དང་བཟོ་བའི་འགྲོ་གྲོན་ནི་སྒོར་ཁྲི་གཉིས་ལ་སླེབས་པས། རང་ལ་སྒོར་མོ་མེད་དུས་གྲོགས་པོ་ལ་བསྐྱིས་པ་ཡིན། ཕུགས་བསམ་སྙེག་པའི་ལམ་དུ། མོས་རིན་དོད་ཆེན་པོ་སྤྲད་ཡོད་ཅིང་དུས་ཚོད་རྩ་ཆེན་ཟད་ཡོད། ཚོང་ཟོག་མངག་ཐོ་ཇེ་མང་དུ་འགྲོ་དུས། མོས་བསྟུད་མར་ཟླ་བ་འགར་ལས་ཡུན་བསྲིངས་ནས་བོད་ལྭ་བཟོ་དགོས། དེའི་བར་དུ་མོ་དཀའ་ཁག་ཅི་ཞིག་ལ་ཕྲད་ཀྱང་བསྐྱུར་མ་མྱོང་།

2017ལོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གེ་སར་དངོས་མང་བཤམས་སྟོན་ཁང་གིས་སྒྱུ་རྩལ་དུས་ཆེན་གྱི་གྱོན་གོས་བརྒྱ་ལྷག་མངག་ཉོ་བྱས་པས། མོས་ལེགས་ཐོག་ལེགས་འཚོལ་གྱིས་གསར་གཏོད་དང་ཇུས་འགོད་བྱས་པས་བཟོ་དབྱིབས་དཔེ་གསར་ཡིན་པའི་འཁྲབ་སྟོན་ལྭ་བ་བཟོ་ཐུབ་པ་བྱུང་། ཀྲེ་ཅང་དུ་སོང་ནས་རྒྱལ་ཡོངས་མི་རིགས་གྱོན་གོས་ཇུས་འགོད་འགྲན་སྡུར་ཆེན་མོར་ཞུགས་དུས། མོས་ཁྱད་ཆོས་ལྡན་པའི་སྒོ་ནས་མཚོ་སྔོན་གྱི་སྔོན་པོ་དང་ཀྲུང་གོའི་དམར་པོ་ཁ་དོག་གཙོ་བོ་བྱས་ནས་ཕོ་བྲང་གི་ཁྱད་ཆོས་དང་ཨ་མདོའི་ཁྱད་ཆོས་ཟུང་འབྲེལ་བྱས་པའི་བོད་ལྭ་ཇུས་འགོད་བྱས་པར་གདེང་འཇོག་ཡག་པོ་ཐོབ་ཅིང་མཇུག་མཐར་རྒྱལ་ཡོངས་ཀྱི་ཐབས་མཁས་བཟོ་བོའི་བྱ་དགའ་བླངས།

རྗེས་སུ། རིན་ཆེན་སྒྲོལ་མས་མཚོ་སྔོན“ཨ་ཅེ་འབྲུག་མོ”རིག་གནས་ཡུལ་སྐོར་ཐོན་ལས་ཚད་ཡོད་ཀུང་སི་བཙུགས།ཨ་མདོའི་བོད་ལྭའི་རྒྱབ་ཀྱི་རིག་གནས་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱ་ཆེད། ཚ་གདུག་ལ་མ་འཛེམ་པར་ལ་རྒྱུག་ལུང་རྒྱུག་བྱས་ནས་དགེ་རྒན་བསྟེན་ཞིང་ལག་རྩལ་སྦྱངས་པས་སྔར་ལས་ལེགས་པའི་ཨ་མདོའི་བོད་ལྭ་བཟོ་ཐུབ་པ་བྱུང་། བེར་ཆེན་ཡོད་པའི་བོད་ལྭ་དང་རིག་རྩལ་དྭངས་གསལ་ཅན་གྱི་རིག་གནས་ཐོན་རྫས། སློབ་ལྭ་སོགས། མོའི་ཚེམ་བཟོ་འཁོར་ཁང་དུ་གྱོན་གོས་སྤུས་ལེགས་ལྟ་བས་མི་ལོང་བ་ཞིག་ཡོད། ཕྱོགས་གཞན་ཞིག་ཏུ། གཙག་དྲུབ་བྱེད་མཁན་བུད་མེད་རྣམས་ཀྱིས་མངག་ཐོ་ལྟར་ལྭ་བཟོ་བར་བྲེལ་བཞིན་ཡོད་ཅིང་། ཁབ་དང་སྐུད་པའི་འདྲེན་འགུག་བར་ནས་གཙག་རས་ངོས་སུ་སྤྲིན་རིས་རེ་རེ་ངང་གིས་གྲུབ།

རིན་ཆེན་སྒྲོལ་མས་བཤད་རྒྱུར། མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པའི་དོན་སྙིང་ནི་རིག་གནས་ཀྱི་གཏིང་ཟབ་པའི་ནང་དོན་དེ་གཟུགས་དང་རྣམ་པའི་ལམ་ནས་རྗེས་རབས་པ་རྣམས་ལ་འཇོག་རྒྱུ་དེ་ཡིན། ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་ཞིག་ཡིན་པའི་ཆ་ནས། རིན་ཆེན་སྒྲོལ་མས་རང་གི་ལག་རྩལ་ལ་བརྩི་མཐོང་བྱེད་ཅིང་། སྲིད་གཞུང་སྡེ་ཁག་གི་རྒྱབ་སྐྱོར་དང་སྣེ་ཁྲིད་ལ་ལྷག་པར་གཅེས་སྤྲས་བྱེད། ལག་རྩལ་མཐོར་འདེགས་སུ་གཏོང་བ་དང་ལྷན་དུ་མོས་མངོན་མིན་རིག་གནས་ཤུལ་བཞག་གི་གོ་དོན་སྔོག་འདོན་བྱེད་པར་མཐོང་ཆེན་བྱེད་ལ། ཐོན་རྫས་རེ་རེ་སྤུས་ལེགས་ཞིབ་ཚགས་དང་སྐྱེ་སྟོབས་ཀྱིས་ཁེངས་པར་བརྩོན་ལེན་བྱེད། རིན་ཆེན་སྒྲོལ་མས་བཤད་རྒྱུར། ཀུང་སིས་སྔ་ཕྱིར་ས་གནས་ཀྱི་ལས་བཟོ་པ64བསྡུས་པའི་ཁྲོད་དུ14ནི་ཕ་མ་མི་འཛོམས་པའི་ཁྱིམ་ཚང་དང་དབང་བོ་སྐྱོན་ཅན་ཡིན། མོས་གུང་ཧོ་རྫོང་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མི་སྣའི་མཛུབ་སྟོན་འོག་ཏུ་མི10ལ་མངོན་མིན་རིག་གནས་ཤུལ་བཞག་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པའི་མཚན་སྙན་རེ་ཞུ་བྱས།


ཉེ་བའི་ལོ་འགར། རིན་ཆེན་སྒྲོལ་མར་སྔ་ཕྱིར་མཚོ་སྔོན་ཞིང་ཆེན་གྱི་བྱས་རྗེས་ཆེ་བའི་བུད་མེད་དཔེ་ལེགས་ཅན་དང་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཕྱུག་བསྒྱུར་མཛངས་མ་སོགས་ཀྱི་བྱ་དགའི་མཚན་སྙན་ཐོབ། ཨ་མདོའི་བོད་ལྭའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པའི་ལམ་ཁར་མོའི་གོམ་པ་སྤོ་མཚམས་བཞག་མ་མྱོང་། ཨ་མདོའི་བོད་ལྭའི་མདོག་སྡེབ་པ་དང་ཁབ་འདེམས་པ། མངག་ཐོ་འབྱོར་བ་ནས་མཚན་སྙན་མང་པོ་ཐོབ་པའི་བར་ཏེ། ལམ་ཁ་འདི་ནས་མོས་མང་པོ་ཞིག་རྙེད་ཡོད། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号