བོད་ལྗོངས་ཀྱི་གང་སར་དཔྱིད་འདེབས་ཀྱི་ལས་ལ་བྲེལ།

དཔྱིད་འདེབས་དང་ཞིང་འདེབས་གྲ་སྒྲིག་གི་གནད་འགག་དུས་སུ་སླེབས་པས་བོད་ལྗོངས་ཀྱི་ས་གཞི་ཀུན་ཏུ་དཔྱིད་ཀྱི་རེ་བས་ཁེངས་ཡོད། བོད་རང་སྐྱོང་ལྗོངས་ཞིང་ལས་ཞིང་སྡེ་ཐིང་གིས“རྒྱ་ཁྱོན་བརྟན་པོ་དང་། མུའུ་རེའི་ཐོན་ཚད་འཕར་བ། སྤུས་ཚད་མཐོར་འདེགས”ལྟེ་བའི་དམིགས་འབེན་དུ་བྱས་པ་དང་། སྔ་མོ་ནས་འཆར་འགོད་དང་བཀོད་སྒྲིག ལག་བསྟར་བྱས་ནས་ཞིང་ལས་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་སྤེལ་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས།

སྲིད་ཇུས་ཀྱི་སྣེ་ཁྲིད་དེ་དཔྱིད་འདེབས་ཀྱི་སྔོན་འགྲོའི་རོལ་དབྱངས་དཀྲོལ་བ། 

བོད་རང་སྐྱོང་ལྗོངས་ཞིང་ལས་ཞིང་སྡེ་ཐིང་འདེབས་འཛུགས་ལས་རིགས་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲིན་དབྱི་ཧྲན་གྱིས་དཔྱིད་འདེབས་དང་ཞིང་འདེབས་གྲ་སྒྲིག་བྱ་བ་བདེ་བླག་ངང་སྤེལ་བར་འགན་ལེན་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྲིད་ཇུས་ངོས་ནས་རྒྱབ་སྐྱོར་དང་ཁྲིད་སྟོན་ཤུགས་ཆེན་བྱས་ཡོད། “རྒྱ་ཁྱོན་བརྟན་པོ་དང་། མུའུ་རེའི་ཐོན་ཚད་འཕར་བ། སྤུས་ཚད་མཐོར་འདེགས”བཅས་མཐུན་སྦྱོར་ཤུགས་འདོན་གྱི་ཐབས་ཇུས་འདི་ནི་བོད་ལྗོངས་ཀྱི་ཞིང་ལས་རྒྱུན་བསྲིང་འཕེལ་རྒྱས་དང་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་གི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཞིང་ལས་ལོ་ཏོག་འདེབས་འཛུགས་རྒྱ་ཁྱོན་བརྟན་པོ་ཡོང་བ་དང་ལྷག་པར་དུ་འབྲུ་རིགས་ལོ་ཏོག་གི་རྒྱ་ཁྱོན་ནི་འབྲུ་རིགས་ཐོན་ཚད་ལ་འགན་སྲུང་གི་རྨང་གཞི་ཡིན། མུའུ་རེའི་ཐོན་ཚད་ཇེ་མཐོར་གཏོང་དགོས་ན་ཚན་རྩལ་ཡར་ཐོན་དང་ཞིང་ལས་ལག་རྩལ་ཁྱབ་གདལ་བཀོལ་སྤྱོད་ལ་བརྟེན་དགོས། སྤུས་ཚད་མཐོར་འདེགས་སུ་གཏོང་བ་ནི་ཁྲོམ་རའི་དགོས་མཁོར་བསྟུན་ནས་ཞིང་པའི་ཡོང་འབབ་འཕར་སྣོན་གྱི་གནད་འགག་ཡིན་ཞེས་བསྟན།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་བོད་ལྗོངས་ཀྱིས་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི368.10རྨོད་རྩིས་ཡོད་ཅིང་། དེའི་ཁྲོད་འབྲུ་རིགས་ལོ་ཏོག་གི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི256.93ཟིན་པ་དང་། ནས་འདི་ཉིད་བོད་ལྗོངས་ཀྱི་འབྲུ་རིགས་ལོ་ཏོག་གཙོ་བོ་ཡིན་པའི་ཆ་ནས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི225.04སླེབས་ཡོད། སྔོ་ཚལ་དང་སྣུམ་རྒྱུའི་ལོ་ཏོག གཟན་རྩྭ་སོགས་དཔལ་འབྱོར་ལོ་ཏོག་དང་གཟན་རྩྭའི་ལོ་ཏོག་ཚང་མར་བབ་མཚུངས་ཀྱི་འཆར་འགོད་རྒྱ་ཁྱོན་ཡོད་ལ། སོ་སོར་མུའུ་ཁྲི40.79དང་མུའུ་ཁྲི28.94། མུའུ་ཁྲི33.04། ལོ་ཏོག་གཞན་དག་མུའུ་ཁྲི8.4བཅས་ཡོད། གྲངས་ཀ་འདི་དག་གི་རྒྱབ་ཕྱོགས་ནི་བོད་ལྗོངས་ཀྱི་ཞིང་ལས་ཐོན་ལས་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བའི་བསམ་གཞིགས་དང་བཀོད་ཇུས་ཡིན། 

འཆར་གཞི་འདི་དག་དངོས་གནས་སུ་དོན་འཁྱོལ་ཡོང་བར་བྱ་ཆེད། བོད་རང་སྐྱོང་ལྗོངས་ཞིང་ལས་ཞིང་སྡེ་ཐིང་གིས་སྔ་མོ་ནས་འཆར་འགོད་བྱས་ནས་ཞིབ་ཅིང་ཕྲ་བའི་ལས་དོན་ཇུས་གཞི་བཟོས་ཡོད། ས་བོན་དང་ལུད་རྫས། ཞིང་སྨན་སོགས་ཞིང་སྤྱོད་དངོས་རྫས་གྲ་སྒྲིག་ནས་ཞིང་ལས་ལག་རྩལ་གསོ་སྦྱོང་དང་མཛུབ་སྟོན། དེ་ནས་ཞིང་སའི་ཆུ་བེད་སྒྲིག་བཀོད་ཞིབ་བཤེར་བཟོ་བཅོས་བྱས་ཏེ་ལྷུ་ཚིགས་རེ་རེ་ཞིབ་མོའི་བློ་ཡིས་བཀོད་སྒྲིག་བྱས་ཡོད། ཁྲིན་དབྱི་ཧྲན་གྱིས་གསར་འགོད་པར་དཔྱིད་འདེབས་དང་ཞིང་འདེབས་གྲ་སྒྲིག་བྱ་བ་ནི་ལོ་ཧྲིལ་བོའི་ཞིང་ལས་ཐོན་སྐྱེད་ཀྱི་རྨང་གཞི་ཡིན་པས། ང་ཚོས་ངེས་པར་དུ་ཞིབ་ཆ་རེ་རེ་དོན་ཐོག་ཏུ་འཁྱོལ་བར་བྱས་ན། ད་གཟོད་ལོ་ཧྲིལ་བོར་ལོ་ལེགས་འབྱུང་བར་རྨང་གཞི་བརྟན་པོ་བཏིང་ཐུབ། ཟླ3པའི་ཚེས17ཉིན་བར་ལྗོངས་ཡོངས་སུ་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི1.14ལེགས་པར་འགྲུབ་པ་དང་། སྤྱིའི་འདེབས་འཛུགས་རྒྱ་ཁྱོན་གྱི0.3%བཟུང་ཡོད་ཅིང་། དེའི་ཁྲོད་འབྲུ་རིགས་ལོ་ཏོག་མུའུ་ཁྲི0.96(དཔྱིད་ནས་མུའུ་ཁྲི0.77)དང་སྣུམ་རྒྱུའི་ལོ་ཏོག་མུའུ་ཁྲི0.01། སྔོ་ཚལ་མུའུ་ཁྲི0.17ཟིན་ཡོད་ཅེས་བཤད། 

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་གཞི་ཁྱོན་དང་ཕན་འབྲས་མུ་མཐུད་མཐོར་འདེགས་སུ་ཕྱིན་ཡོད། བོད་རང་སྐྱོང་ལྗོངས་ཞིང་ལས་ཞིང་སྡེ་ཐིང་གིས་བསྡོམས་རྩིས་བྱས་པར་གཞིགས་ན། 2024ལོར་བོད་ལྗོངས་ཀྱི་འབྲུ་རིགས་སྤྱིའི་ཐོན་ཚད་ཏུན་ཁྲི112.9ལ་སླེབས་པ་དང་དེའི་ཁྲོད་ནས་ཀྱི་ཐོན་ཚད་ཐོག་མར་ཏུན་ཁྲི88ལས་བརྒལ་བ་རེད།

ཞིང་སྤྱོད་དངོས་རྫས་འདང་ངེས་གྲ་སྒྲིག་བྱས་ནས་ཐོན་སྐྱེད་མཁོ་འདོན་ལ་འགན་སྲུང་བྱས་པ།

ཞིང་སྤྱོད་དངོས་རྫས་ནི་དཔྱིད་འདེབས་དང་ཞིང་འདེབས་གྲ་སྒྲིག་གི་དངོས་པོའི་རྨང་གཞི་གལ་ཆེན་ཡིན། 2025ལོར་ལྗོངས་ཡོངས་ཀྱིས་ཁ་གསབ་ནང་ལུད་རྫས་ཏུན་ཁྲི5.14ཉོ་སྒྲུབ་བྱ་རྩིས་ཡོད་ཅིང་། མིག་སྔར་ཏུན་ཁྲི1.35དབོར་འདྲེན་བྱས་ཟིན་པ་དང་དེའི་ཉོ་སྒྲུབ་འཆར་འགོད་ཀྱི26.26%བཟུང་ཡོད། དེའི་ཁྲོད་ཆབ་མདོ་གྲོང་ཁྱེཏ་དང་ནག་ཆུ་གྲོང་ཁྱེར་གྱིས་ཉོ་སྒྲུབ་འཆར་གཞི་ཡོངས་སུ་ལེགས་འགྲུབ་བྱུང་ཡོད་ལ། སོ་སོར་ཏུན8040དང་ཏུན80དབོར་འདྲེན་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་ཉོ་སྒྲུབ་འཆར་གཞིའི70.34%ལེགས་འགྲུབ་བྱུང་ནས་ཏུན5349.75དབོར་འདྲེན་བྱས་ཡོད། ལྷ་ས་གྲོང་ཁྱེར་དང་གཞིས་ཀ་རྩེ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། མངའ་རིས་ས་ཁུལ་གྱིས་ཧུར་ཐག་སྒོས་ཉོ་སྒྲུབ་དབོར་འདྲེན་བྱེད་བཞིན་ཡོད། ཁྲིན་དབྱི་ཧྲན་གྱིས་ང་ཚོས་ཞིང་སྤྱོད་དངོས་རྫས་ཁྲོམ་རའི་འགུལ་རྣམ་ལ་དོ་སྣང་ཆེན་པོ་བྱས་པ་དང་། ཞིང་སྤྱོད་དངོས་རྫས་མཁོ་སྤྲོད་ཚོང་བར་འབྲེལ་གཏུག་མཐུན་སྦྱོར་བྱས་ཏེ་ལུད་རྫས་དུས་ཐོག་ཏུ་མཁོ་སྤྲོད་ཐུབ་པར་འགན་ལེན་བྱས། དེ་དང་ཆབས་ཅིག ཞིང་སྤྱོད་དངོས་རྫས་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། རྫུན་བཟོ་དང་སྤུས་ཀ་ཞན་པའི་ཞིང་སྤྱོད་དངོས་རྫས་ཁྲོམ་རར་མཆེད་པར་སྔོན་འགོག་བྱས་ནས་ཞིང་བའི་ཁེ་ཕན་ལ་འགན་སྲུང་བྱས་ཡོད་ཅེས་བསྟན།

ས་བོན་གྲ་སྒྲིག་ཐད། ནས་ཀྱི་ས་བོན་སྤྱི་རྒྱ་ཁྲི3900གྲ་སྒྲིག་བྱ་རྩིས་ཡོད་ལ། མིག་སྔར་ས་བོན་སྤྱི་རྒྱ་ཁྲི2838.34དམིགས་སར་འབྱོར་བ་དང་དེའི་སྤྱིའི་འཆར་འགོད་ཀྱི72.78%བཟུང་ཡོད། ས་བོན་ནི་ཞིང་ལས་ཀྱི“འདུས་སྙིང“ཡིན་ལ། སྤུས་ལེགས་ཀྱི་ས་བོན་ནི་ལོ་ལེགས་འབྱུང་བའི་གནད་འགག་ཡིན། བོད་རང་སྐྱོང་ལྗོངས་ཞིང་ལས་ཞིང་སྡེ་ཐིང་གིས་ས་བོན་ཁེ་ལས་དང་ཞིང་དུད་ཀྱིས་ས་བོན་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་པ་རྩ་འཛུགས་བྱས་ནས། ས་བོན་གྱི་གྲངས་ཚད་དང་སྤུས་ཚད་ལ་འགན་ལེན་བྱས་པ། གྲ་སྒྲིག་བྱས་ཟིན་པའི་ས་བོན་ལ་ཞིབ་བཤེར་ཚད་ལེན་ནན་མོ་བྱས་ཏེ། ས་བོན་གྱི་མྱུ་གུ་འབུས་ཚད་དང་ལྷད་མེད་ཚད་ལ་ཁག་ཐེག་བྱས། 

ཁྱིམ་ལུད་བསགས་པ་ནི་དཔྱིད་འདེབས་དང་ཞིང་འདེབས་གྲ་སྒྲིག་གི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། ཁྱིམ་ལུད་ཏུན་ཁྲི550བསགས་པའི་འཆར་གཞི་ཡོད་ཅིང་། མིག་སྔར་ཁྱིམ་ལུད་ཏུན་ཁྲི468.33བསགས་ཡོད་པ་དང་དེའི་སྤྱིའི་འཆར་འགོད་ཀྱི85.15%བཟུང་ཡོད། ཁྱིམ་ལུད་ཀྱིས་ས་རྒྱུའི་གྲུབ་ཚུལ་ལེགས་བཅོས་ཐུབ་པ་དང་ས་རྒྱུ་གཤིན་ཚད་ཇེ་མཐོར་གཏོང་བ་མ་ཟད། ད་དུང་ལུད་རྫས་བཀོལ་སྤྱོད་བྱེད་ཚད་ཇེ་ཉུང་དུ་བཏང་ནས་ཞིང་ལས་ཀྱི་སྦགས་བཙོག་ཇེ་དམའ་རུ་གཏོང་ཐུབ། གྲོང་ཁྱེར་དང་ས་ཁུལ་སོ་སོས་ཞིང་པས་ཁྱིམ་ལུད་བསགས་པའི་བྱ་བར་ཁྲིད་སྟོན་དང་། ཞིང་པས་སྒོ་ཕྱུགས་ཀྱི་ལྕི་བ་དང་ཞིང་ལས་ལོ་ཏོག་གི་སོག་མ་སོགས་ལུད་སྤུང་ཐག་གཅོད་ལ་སྐུལ་ལྕག་བྱས་པ། ཞིང་སྨན་གྱི་གྲ་སྒྲིག་བྱ་བའང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད། རང་སྐྱོང་ལྗོངས་ཞིང་ལས་ཞིང་སྡེ་ཐིང་གིས་ད་ལོར་ཞིང་སྨན་ཏུན334.68ཉོ་སྒྲུབ་བྱ་རྩིས་ཡོད་ལ། མིག་སྔར་ཏུན38.3དམིགས་སར་འབྱོར་བ་དང་དེའི་ཉོ་སྒྲུབ་འཆར་འགོད་ཀྱི11.44%བཟུང་ཡོད།

ཚན་རྩལ་གྱིས་རོགས་འདེགས་བྱས་ནས་དཔྱིད་འདེབས་ཀྱི་སྤུས་ཚད་མཐོར་འདེགས་སུ་བཏང་བ། 

དཔྱིད་འདེབས་དང་ཞིང་འདེབས་གྲ་སྒྲིག་གོ་རིམ་ཁྲོད་ཚན་རྩལ་གྱི་སྟོབས་ཤུགས་ཀྱང་མེད་དུ་མི་རུང་བ་ཞིག་ཡིན། བོད་རང་སྐྱོང་ལྗོངས་ཞིང་ལས་ཞིང་སྡེ་ཐིང་གིས་ཞིང་ལས་ལག་རྩལ་གསར་བ་དང་སྒྲིག་ཆས་གསར་བ་ཁྱབ་གདལ་དུ་བཏང་ནས་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཕྱོད་དང་སྤུས་ཚད་ཇེ་མཐོར་བཏང་། ཁྲིན་དབྱི་ཧྲན་གྱིས་ད་ལོར་ང་ཚོས་ནས་ཀྱི་ས་བོན་གསར་བ་ཁྱབ་གདལ་དུ་གཏོང་ཤུགས་ཆེ་རུ་བཏང་བ་དང་། སོན་རིགས་གསར་བ་འདི་དག་ལ་ཐོན་ཚད་མཐོ་བ་དང་སྤུས་ཚད་བཟང་བ། ལྡོག་ཕྱོགས་འགོག་པའི་རང་བཞིན་དྲག་པ་སོགས་ཁྱད་ཆོས་ལྡན་པ། དེ་དང་ཆབས་ཅིག ས་རྒྱུའི་འཚོ་བཅུད་ཀྱི་འདུས་ཚད་དང་ཞིང་ལས་ལོ་ཏོག་ལ་ལུད་མཁོ་བའི་ཆོས་ཉིད་གཞིར་བཟུང་། གནད་འཁེལ་སྒོས་ལུད་འཇོག་པ་དང་ཞིང་ལུད་བེད་སྤྱོད་བྱེད་ཚད་ཇེ་མཐོར་བཏང་ཡོད་ཅེས་བཤད། 

ཞིང་ཆུ་འདྲེན་པའི་ཐད། ནུས་མཐོའི་ཆུ་གྲོན་གྱི་ཞིང་ཆུ་འདྲེན་པའི་ལག་རྩལ་ཁྱབ་གདལ་དུ་བཏང་ནས་ཆུའི་ཐོན་ཁུངས་ཆུད་ཟོས་ཇེ་ཉུང་དང་། ཆུའི་ཐོན་ཁུངས་བེད་སྤྱོད་བྱེད་ཚད་ཇེ་མཐོར་བཏང་བ། དེ་དང་ཆབས་ཅིག ས་ཞིང་གི་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོང་ལ་ཤུགས་བསྣན་ནས་ཞིང་ཆུ་འདྲེན་པ་དངཆུ་སྤྱོད་བདེ་བགྲོད་ལ་འགན་ལེན་བྱས་པ། ཞིང་ལས་འཕྲུལ་ཆས་ཅན་གྱི་ཐད། ཞིང་བའི་སྔོན་ཐོན་གྱི་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ལ་སྐུལ་ལྕག་དང་ཞིང་ལས་ཐོན་སྐྱེད་འཕྲུལ་ཆས་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་། མིག་སྔར། ལྗོངས་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ཅན་གྱི་ཚད་མུ་མཐུད་ཇེ་མཐོར་བཏང་སྟེ། རྨོ་ཞིང་དང་འདེབས་འཛུགས། བརྔ་བསྡུ་བཅས་ཀྱི་ལྷུ་ཚིགས་མང་པོར་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་མངོན་འགྱུར་བྱུང་ནས། ཞིང་བའི་ངལ་རྩོལ་ཤུགས་ཚད་ཇེ་ཡང་དང་ཐོན་སྐྱེད་ལས་ཕྱོད་ཇེ་མཐོར་བཏང་ཡོད།

དཔྱིད་འདེབས་དང་ཞིང་འདེབས་གྲ་སྒྲིག་ནི་དུས་ཚོད་དང་རྒྱུག་རྩལ་འགྲན་པའི་ཞིང་ལས་བྱ་འགུལ་ཞིག་ཡིན་ལ། ལོ་ཧྲིལ་བོའི་ཞིང་ལས་ཐོན་སྐྱེད་ཀྱི་གཡུལ་འགྱེད་དང་པོའང་ཡིན། ལྗོངས་ཡོངས་ཀྱི་རིམ་པ་སོ་སོའི་ཞིང་ལས་ཞིང་སྡེའི་སྡེ་ཁག་གི་འབད་བརྩོན་དང་རྒྱ་ཆའི་ཞིང་བ་མང་ཚོགས་ཀྱི་ཧུར་ཐག་ཟབ་ཞུགས་འོག བོད་ལྗོངས་ཀྱི་དཔྱིད་འདེབས་དང་ཞིང་འདེབས་གྲ་སྒྲིག་བྱ་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད་ལ། རེ་བའི་ཁེངས་བའི་དཔྱིད་འདེབས་ཀྱི་དཔེ་རིས་ཞིག་གངས་ལྗོངས་མཐོ་སྒང་དུ་བཀྲམ་ཡོད། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号