མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱིས2025ལོའི་་འཛད་སྤྱོད་མཐོར་འདེགས་ཀྱི་བྱ་འགུལ་སྤེལ་མགོ་ཚུགས།

ཟླ3པའི་ཚེས21ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་རྨ་གཡང་ཐང་ཆེན་དུ་དར་ཆ་ལྷབ་ལྷབ་གཡོ་ཞིང་མི་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་བྱེད་བཞིན་ཡོད་ལ།  “དམངས་ཕན་སྲིད་ཇུས་སྤེལ་ཏེ་ཉོ་སྒྲུབ་ལ་སྐུལ་འདེད་དང་། ཁེ་ལས་ལ་རོགས་སྐྱོར་གྱི་དཔྱིད་རླུང་གསར་བ་བསུ ”ཞེས་པའི2025ལོའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་འཛད་སྤྱོད་མཐོར་འདེགས་ཀྱི་བྱ་འགུལ་གནས་དེར་སྤེལ་བཞིན་ཡོད།

བྱ་འགུལ་གྱི་ཡུལ་དངོས་སུ།  ཚོང་ཁང20ལྷག་འགྲེམ་ཚོང་ནང་ཞུགས་ཡོད་ལ། ཚོང་འགྲེམ་བྱེད་བཞིན་པའི་ཁེ་ལས་ཐོན་རྫས་ནང་ཁྱིམ་སྤྱོད་གློག་ཆས་དང་།  བཟའ་བཏུང་རིགས།  ཞིང་ཕྱུགས་ཐོན་རྫས་སོགས་སྣ་ཚོགས་འདུས་ཡོད།  མགོ་ལོག་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ཡིས་རྨ་ཆེན་རྫོང་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་དང་མཉམ་འབྲེལ་སྒོས་ཡུལ་དངོས་ནས་སྒོར་འབུམ་གསུམ་དང་ཁྲི་ལྔ་ལྷག་གི་སྲིད་གཞུང་འཛད་སྤྱོད་ཤོག་དྲིལ་བྱིན་ནས།  རྒྱ་ཆེའི་མང་ཚོགས་ལ་འཛད་སྤྱོད་ཀྱི་གསོལ་སྟོན་བཤམས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན།  ཐེངས་འདིའི་བྱ་འགུལ་དུ“སྲིད་གཞུང་གིས་སྣེ་ཁྲིད་འོག་བྱ་འགུལ་ལ་སྐུལ་འདེད་བྱེད་པའི”རྣམ་པ་སྤྱད་དེ།  “སྲིད་གཞུང་གིས་གཙོ་ཁྲིད་དང་།  ཁེ་ལས་ཟབ་ཞུགས།  དངུལ་རྩའི་རྒྱབ་སྐྱོར།  སྤྱི་སྟེགས་ཀྱི་མཐུན་སྦྱོར”བཅས་ཀྱི་ཕྱོགས་མི་འདྲ་བའི་མཉམ་འགུལ་རྐྱེན་སྲོལ་བཙུགས་ཡོད་ལ། བྱ་འགུལ་དུ་མི་དམངས་ཀྱི་དགོས་མཁོ་གཞིར་བཟུང་ནས་འཛད་སྤྱོད་ཀྱི་ཡུལ་རྣམ་གསར་བ་དང་།  འཛད་སྤྱོད་ཀྱི་ལེགས་སྐྱེས་བཏོན་ཡོད།  འཛད་སྤྱོད་ཚོང་རྫས་ཀྱི་ཁྱབ་ཁོངས་སུ།  རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས།  ཨང་རྩིས་ཐོན་རྫས་སོགས་རྒྱུན་སྤྱོད་དངོས་པོ་གཙོ་ཤས་ཡིན་ལ།  ཁ་གསབ་རོགས་དངུལ་གྱི་ལས་རིམ་ལེགས་བསྒྱུར་བྱས་ཏེ།  སྔར་ལས་ལྷག་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་འཛད་སྤྱོད་རིམ་འཕར་དགོས་མཁོ་བསྐངས་ཡོད།  ཞབས་ཞུའི་འཛད་སྤྱོད་ཀྱི་ཁྱབ་ཁོངས་སུ། སིལ་ཚོང་དང་བཟའ་བཏུང་།  རིག་གནས་ཡུལ་སྐོར་སོགས་ལས་རིགས་ཀྱི་འཛད་སྤྱོད་ཤོག་དྲིལ་བྱིན་ནས།  དོན་དངོས་ཀྱི་ཁ་གསབ་མ་དངུལ་ལ་བརྟེན་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་ཡོད།

མགོ་ལོག་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ཡི་ཏང་ཙུའུ་ཁོངས་མི་རྡོ་ཚེ་བརྟན་གྱིས་བསྟན་དོན།  ཐེངས་འདིའི་མགོ་རྩོམ་མཛད་སྒོ་གོ་སྐབས་སུ་བཟུང་ནས།  དཔྱིད་དུས་ཀྱི་འཛད་སྤྱོད་དུས་ཚུགས་བཟང་བོ་དམ་འཛིན་བྱས་ཏེ།  འཛད་སྤྱོད་ཡུལ་རྣམ་མུ་མཐུད་དུ་གསར་གཏོད་བྱེད་དགོས་ལ།  མ་འོངས་པར་མགོ་ལོག་ཁུལ་སྐབས་གསུམ་པའི“རྨ་གཡང་མཚན་ཁྲོམ”དང“མདོག་གསུམ་པད་མ”སྐྱེ་ཁམས་རིག་གནས་ཡུལ་སྐོར་འཛད་སྤྱོད་དུས་ཆེན།  རྨ་ཆེན་རྫོང་སྐབས་གཉིས་པའི“ཟླ་ཁུགས་མཚན་ཁྲོམ”སོགས་བརྗོད་གཞི་ཆེན་པོ་དྲུག་གི་བྱ་འགུལ་རིམ་བཞིན་སྤེལ་རྒྱུ་ཡིན་ལ།  རིམ་དབྱེ་སྐུལ་འདེད་དང་དུས་བགོས་སྒོ་འབྱེད་ཀྱི་བྱེད་ཐབས་ལ་བརྟེན་ནས།  ཕྱོགས་ཡོངས་ནས་འཛད་སྤྱོད་ཁྲོམ་རའི་མི་མངོན་པའི་ནུས་ཤུགས་སྔོག་འདོན་བྱས་ཏེ།  མགོ་ལོག་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་བསྣོན་རྒྱུ་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号