ལོ་བ་སྡེ་བའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་གྱུར་བ།

“བཀྲ་ཤིས། ད་ལོ་ཁྱེད་ཚང་གི་རྒྱ་སྲན་གྱི་སྐྱེས་ཚུལ་བཟང་ངམ། དཔྱིད་མགོ་ཚུགས་པ་དང་བསྟུན་ནས་ལུད་འཇོག་དགོས”ཞེས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྟ་མགྲིན་གྱིས་འགྲོ་ཞོར་དུ་དྲི་བ་དྲིས་བྱུང་།“སྐྱེས་ཚུལ་ཧ་ཅང་བཟང་། ན་ནིང་གི་ཡོང་སྒོ་ཡང་བཟང་བས། ངས་ད་ལོ་ས་མུའུ་འགའ་འདེབས་རྩིས་ཡོད”ཅེས་བཀྲ་ཤིས་ཀྱིས་ཡིད་ཆེས་ཀྱིས་ཁེངས་ནས་ལན་བཏབ་བྱུང་།

“ངེད་ཚང་གི་ར་མ་ཡང་ཅུང་མ་འགོར་བར་བཙོང་ཆོག མཉམ་ལས་ཁང་ནས་གོ་ཐོས་ལྟར་ན་ད་ལོའི་རིན་གོང་ན་ནིང་དང་བསྡུར་ན་ཇེ་མཐོར་སོང་ཡོད་ཟེར”ཞེས་དེའི་གམ་གྱི་རྡོ་རྗེ་ཚེ་རིང་གིས་དགའ་སྤྲོའི་ངང་གཏམ་བཟང་དེ་བཤད།

དཔྱིད་མགོ་མར། གསེར་མདོག་གི་ཉི་འོད་དྲོན་མོ་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཀ་རིང་བོད་རིགས་ཞང་གི་ལོ་བ་སྡེ་བར་འཕྲོས་ཏེ། བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་གསར་པར་གསེར་མདོག་གི་སེང་རས་ཤིག་བཀླུབས་པ་དང་མཚུངས་ལ། ཁང་ཐོག་གི་བཀྲགས་མདངས་འཚེར་བའི་སྐར་ལྔའི་དར་དམར་ཡང་རླུང་བུ་འཇམ་པོའི་ཁྲོད་ལྷམ་མེར་གཡོས་ནས། སྡེ་བ་ཆུང་ཆུང་དེའི་སྐྱེ་སྟོབས་འབར་བའི་གསོན་ཤུགས་དེ་ངོམ་པ་དང་ཀུན་ནས་མཚུངས།

ཟླ3པའི་ཚེས5ཉིན། སྡེ་མདོའི་ཁོད་ཡངས་པའི་རིག་གནས་ཐང་ཆེན་དུ། སྡེ་མི་ཚོ་མི་གཉིས་རེ་གསུམ་རེ་བྱས་ནས།དགའ་སྤྲོའི་དགོད་སྒྲ་སྒྲོག་ཅིང་ད་ལོར་ལོ་ལེགས་འབྱུང་བར་རེ་སྒུག་བྱེད་པར་མ་ཟད། མ་འོངས་པའི་བདེ་སྐྱིད་ཀྱི་འཚོ་བར་ཡང་རེ་ལྟོས་ཚད་མེད་བཅངས་ནས་ཡོད།

ལོ་བ་སྡེ་བ་ནི་ཞུན་ཧྭ་རྫོང་མཁར་གྱི་ལྷོ་ནུབ་ཕྱོགས་སུ་ཆགས་ཡོད་ལ། དེའི་ཆ་སྙོམས་ཀྱི་མཚོ་འཕགས་ནི་སྨི2300ཡིན་པ་དང་། སྡེ་བ་ཡོངས་ལ་ཁྱིམ་ཚང61དང་མི་གྲངས292ཡོད། སྔོན་ཆད། གནས་འདིའི་ཕྱོགས་བཞི་བོ་བརྗིད་ཆགས་པའི་རི་ཚོགས་ཀྱིས་བསྐོར་བས། འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་ལ་ལམ་དུ་འདམ་ཆེ་བས་སྡེ་མིའི་འགྲོ་འོང་ལ་དཀའ་ལས་གང་མང་བཟོས། ཐོན་ལས་གཙོ་བོ་ནི་སྲོལ་རྒྱུན་གྱི་རྨོ་ཞིང་དང་གྲངས་ཉུང་བའི་སྒོ་ཕྱུགས་གསོ་སྤེལ་ཡིན་པས། མི་རེའི་ལོ་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར3000ཙམ་གྱི་ཡས་མས་ཡིན་པ་དང་། དབུལ་བོར་གྱུར་ཚད30%ལ་སླེབས་ཡོད།

ལོ་བ་སྡེ་བའི་འགྱུར་ལྡོག་ཆེན་པོ་ནི་གཞུང་ལམ་གཅིག་དང་ཏང་འཛུགས་སྐྲུན་སྣེ་ཁྲིད་ཀྱིས་གནད་ཁེལ་ཇུས་བསྟར་ལས་ཐོན་པ་རེད། 2015ལོར། ཏང་གི་གནད་ཁེལ་རོགས་སྐྱོར་སྲིད་ཇུས་ནི་སྟོབས་དང་ལྡན་པའི་དཔྱིད་རླུང་ཞིག་དང་མཚུངས་པར་ལོ་བ་སྡེ་བའི་གྲུ་ག་རེ་རེར་གཡུགས་བྱུང་། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་དངོས་སུ་སྡེ་བའི“ཨུ་ལྷན་གཉིས”ཀྱི་སྣེ་ཁྲིད་དེ་ཁྱིམ་ཚང་རེ་རེར་འཚམས་འདྲི་བྱས་པ་དང་། ཁོ་ཚོ་སྡེ་མིའི་ཁྱིམ་གྱི་ཚ་ཐབ་སྟེང་བསྡད་དེ་ལམ་ཞིག་གསོ་བྱེད་པའི་དོན་སྙིང་གལ་ཆེན་ལ་འགྲེལ་བཤད་བྱས་ཏེ། ལྷག་བསམ་དཀར་པོ་དང་ངང་རྒྱུད་བཟང་བོས་སྡེ་མི་ཚོའི་མིག་རྒྱ་བསྐྱེད།

སྡེ་བའི་ཏང་ཀྲི་པུའུ་ཡིས་སྐུལ་སློང་འོག བབ་ཆགས་གཤིས་བཟང་གི་བོད་རིགས་བུ་བུ་མོ་ལས་ཀའི་ཁྲོད་ཞུགས་པ་དང་། ཏང་ཡོན་གྱིས་ཀྱང་སྔར་ལས་གདོང་ལེན་བྱས་ཏེ་ཉིན་མཚན་དབྱེར་མེད་དུ་ཨར་ལས་བྱེད་ཡུལ་བརྟན་སྲུང་བྱས། ལམ་ཞིག་གསོ་བྱེད་པར་ཆེས་དཀའ་ངལ་ཆེ་བའི་སྐབས་སུ། ཏང་ཡོན་བཀྲ་ཤིས་ཀྱི་རྐང་པར་གློ་བུར་དུ་རྨས་སྐྱོན་ཕོག་མོད། འོན་ཀྱང་ཁོས་རྨ་ཁ་སྟབས་བདེ་ཞིག་དཀྲིས་རྗེས། ན་ཟུག་བསྲན་ནས་སླར་ཡང་ལས་ཀ་ལས་སར་སོང་ནས་དཀའ་ཁག་སྣ་ཚོགས་སེལ་རོགས་བྱས། ལོ་ཕྱེད་ཅིག་གི་རིང་ལ་དཀའ་བ་སྤྱད་པ་བརྒྱུད། ལོ་བ་སྡེ་བའི་སྲ་འགྱུར་ལམ་དང་པོ་ལེགས་འགྲུབ་བྱུང་བ་དང་། དེའི་རྗེས་སུ་མུ་མཐུད་དུ་གྲ་དག་པའི་ཁྱིམ་ཚང་གི་ལམ་དང་ཐོན་ལས་ལམ་ཞིག་གསོ་བྱས།

ལམ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ15ཡོད་པ་དང་། དེ་ནི་སྦྲེལ་ཐག་བརྟན་པོ་ཞིག་དང་འདྲ་བར་སྡེ་བ་ཕྱི་དང་དམ་པར་སྦྲེལ་ཡོད། ལམ་དེ་གྲུབ་རྗེས་ཐོན་ལས་འཕེལ་རྒྱས་ཀྱི་སྒོ་ཆེན་ཡང་དེ་དང་མཉམ་དུ་ཕྱེས་སོང་།

“སྔོན་ཆད་ཞིང་བཏབ་ཚེ་གནམ་ལ་རེ་དགོས་པས། ལོ་གཅིག་ལ་སྒོར་མང་པོ་བཙལ་མི་ཐུབ”ཅེས་སྡེ་མི་གདུགས་དཀར་སྐྱབས་ཀྱིས་ཕྱིར་དྲན་བྱས་ནས་བཤད་བྱུང་། 2016ལོར། སྡེ་བས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། སྡེ་བའི་ཏང་ཀྲི་པུའུ་ཡིས་སྡེ་མིས་རྒྱ་སྲན་དང་སྤུས་བཟང་གྲོ་སོགས་འབྲུ་རིགས་ལོ་ཏོག་འདེབས་འཛུགས་དང་། ར་མ་དང་ནོར་གནག་སོགས་གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏོང་བར་ཧུར་ཐག་གིས་སྣེ་ཁྲིད་བྱས། འོན་ཀྱང་ཐོན་ལས་འཕེལ་རྒྱས་ཀྱི་དུས་མགོར། ལག་རྩལ་གསར་པ་དང་མ་དཔེ་གསར་པས་སྡེ་མི་ཚོ་སེམས་ཁྲལ་ལ་གཏད།  སྡེ་མི་ཚོའི་སེམས་ཁྲལ་བསལ་ཆེད། ཞང་དང་སྡེ་བ་རིམ་པ་གཉིས་ཀྱི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་འོག ཏང་ཡོན་དཔེ་སྟོན་ཁྱིམ་ཚང་བསོད་ནམས་ཀྱིས་རང་འགུལ་ངང་ལག་རྩལ་གསར་པ་ཚོད་ལྟ་བྱེད་འགོ་བརྩམས། ཁོས་རང་ཉིད་ཀྱིས་བཏབ་པའི་རྒྱ་སྲན་དེ་འདེབས་འཛུགས་ནས་བདག་སྐྱོང་བར་དུ་བློ་སེམས་རྩེ་གཅིག་གིས་ལྟ་སྐྱོང་བྱས་ཏེ། གོ་རིམ་སོ་སོར་ཞིང་ལས་ལག་རྩལ་ཆེད་མཁས་པའི་མཛུབ་སྟོན་ལྟར་གཟབ་ནན་གྱིས་བསྒྲུབས། སྟོན་བསྡུ་བའི་སྐབས་སུ། ཁོའི་རྒྱ་སྲན་གྱི་ཐོན་འབབ་དེ་སྲོལ་རྒྱུན་འདེབས་འཛུགས་ཀྱི་ཐབས་དང་བསྡུར་ན་སུམ་ཆའི་གཅིག་ཇེ་མང་དུ་སོང་། བདེན་པ་བདེན་ཐུབ་ཀྱི་གྲུབ་འབྲས་དེས་སྡེ་མི་གཞན་དག་གི་ཡིད་སེམས་བཀུག

སྡེ་བའི་མཉམ་ལས་ཁང་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག ཞིང་ཆེན་ཕྱི་ནང་གི་མིང་དུ་གྲགས་པའི་ཆེད་མཁས་པ་གདན་དྲངས་ནས་ཞིང་ཁར“ཞིང་ཚུགས་སློབ་ཁང”བཙུགས་ཏེ། ཆེད་མཁས་པས་འདེབས་འཛུགས་ལག་རྩལ་དང་གསོ་སྤེལ་ཤེས་བྱ་ཁྲིད་པར་མ་ཟད། མཉམ་ལས་ཁང་གིས་སྡེ་མི་བར་ལ་གན་རྒྱ་བཞག་པ་དང་། མཐའ་སྲུང་ཉོ་སྒྲུབ་ནང་རྐྱེན་བཙུགས་ཤིང་། ཞིང་ཞོར་ཐོན་རྫས་ཀྱི་རིན་གོང་ཚོང་རའི་རིན་གོང་ལས་མི་དམའ་བར་བྱས་ཏེ། སྡེ་མི་ཚོའི“བློ་སེམས”བདེ་བར་བཏང་།

གདུགས་དཀར་སྐྱབས་ཚང་ནི་མཉམ་ལས་ཁང་དུ་ཞུགས་པའི་ཞིང་ཁྱིམ་ཁག་དང་པོ་ཡིན་པ་དང་། ཁོ་ཚང་གིས་བཏབ་པའི་ས་མུའུ5(སྤྱི་ཆིང0.33དང་མཚུངས)ཡི་རྒྱ་སྲན་གྱི་ཡོང་སྒོ་ལ་ན་ནིང་སྒོར་ཁྲི1.35ཡོད་ལ། ཁེ་བཟང་རེག་པའི་གདུགས་དཀར་སྐྱབས་ཀྱིས་ད་ལོར་འདེབས་འཛུགས་ཀྱི་རྒྱ་ཁྱོན་རྒྱ་སྐྱེད་རྩིས་ཡོད།

ཏང་ཡོན་ཚེ་བརྟན་གྱིས་སྣེ་ཁྲིད་དེ་སྔོན་ཐོན་གསོ་སྤེལ་ལག་རྩལ་སློབ་སྦྱོང་བྱས་པ་དང་། རང་གིས་འགྲོ་གྲོན་བཏང་ནས་གསོ་སྤེལ་ལག་རྩལ་གྱི་གསོ་སྦྱོང་འཛིན་གྲྭར་ཞུགས་རྗེས། བུམ་པ་གང་བྱོའི་ཚུལ་གྱིས་རང་གི་བསླབ་པའི་ལག་རྩལ་དེ་སྡེ་མི་ཚོར་མཉམ་རོལ་བྱས། ཁོའི་སྐུལ་ཁྲིད་འོག སྡེ་བའི་ནང་དུ་གསོ་སྤེལ་ཁྱིམ་ཚང་ཁག་ཅིག་གསོ་སྐྱོང་བྱས། དེ་མ་གཏོགས་ཚེ་བརྟན་གྱིས་སྣེ་ཁྲིད་དེ་ར་མ་གསོ་སྤེལ་རྟེན་གཞི་འཕེལ་རྒྱས་སུ་བཏང་བ་དང་། དུས་ཡུན་ཞིག་ལ་གོང་འཕེལ་བཏང་བ་བརྒྱུད། མིག་སྔར་ར་མ400འཕེལ་བ་དང་། སྡེ་མིའི་ཡོང་སྒོ་འཕར་ཏེ་འཚོ་བའང་ཇེ་ཕྱུག་ཏུ་སོང་།

ལོ་བ་སྡེ་བའི་འགྱུར་ལྡོག་གླེང་ཚེ། ཀ་རིང་ཞང་ཏང་ཨུའི་ཧྲུའུ་ཅི་མ་ཕིང་ལི་ཡིས་ཚོར་སྣང་ཟབ་མོས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས། དམངས་ཕན་སྲིད་ཇུས་རབས་དང་རིམ་པ་ཞིག་ཀ་རིང་གི་ཡུལ་འདི་ནས་རྩ་བ་ཚུགས་ཤིང་ལོ་འབྲས་སྨིན་པ་དང་། ལོ་བ་སྡེ་བའི་སྔོན་ཆད་ནས་ད་ལྟའི་བར་གྱི་འགྱུར་ལྡོག་ཆེན་པོ་དེ་ཡང་གྲོང་གསེབ་དར་རྒྱས་ཀྱི་གོ་རིམ་ཁྲོད་ཀྱི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། “ལོ་བ་སྡེ་བ”ལྟ་བུའི་ངོ་མཚར་བའི་གཏམ་རྒྱུད་མང་པོ་རེ་བས་ཁེངས་པའི་ས་ཆ་འདི་ལ་རྣམ་ཀུན་ཏུ་འབྱུང་ཞིང་། ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་འོག་ཏུ་འཕེལ་རྒྱས་རླབས་ཆེན་གྱི་ནུས་ཤུགས་མངོན་ཏེ། ཞུན་ཧྭ་རྫོང་གི་དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་བཅོས། སྐྱེ་ཁམས་ཇེ་ལེགས་སུ་འགྲོ་བའི་ཡིད་འོང་གི་ཤོག་དྲིལ་རི་མོ་ཞིག་བྲིས་ཡོད། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号