མགོན་པོ་བཀྲ་ཤིས་ཧུའུ་ཀྲུའུ་རྫོང་དུ་སོང་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས།

ཟླ3པའི་ཚེས19ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནམ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད་འབྲེལ་ཡོད་རྟོག་ཞིབ་ལས་དོན་སྤེལ། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཚོགས་གཉིས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་དྲིལ་སྒྲོག་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་སྡུད་པ། དངོས་སྒྲུབ་སྔོན་འགྲོ་དང་བཅོས་སྒྱུར་གནད་འགག་ཏུ་བྱེད་པ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་སྐྱོད་གསར་པ་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་འབད་པས་སྐུལ་འདེད་གཏོང་བར་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས།

ཧུའུ་ཀྲུའུ་ནི་རྒྱལ་ཡོངས་ཀྱི་ཧོར་རིགས་རང་སྐྱོང་རྫོང་ཁོ་ན་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་ལ། ཧུའུ་ཀྲུའུ་རྫོང་གིས་མཚོ་སྔོན་གཙགས་དྲུབ་ཐོན་ལས་གསོ་སྐྱོང་དེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་འཇུག་སྒོ་གལ་ཆེན་དུ་བཟུང་བ་དང་། རྟེན་གཞི་དང་ཁེ་ལས། བཟོ་ཁང་། ཞིང་ཁྱིམ་བཅས་ཀྱི་ཐོན་སྐྱེད་རྣམ་པ་ཆགས་པར་འཚོལ་ཞིབ་བྱས་ཏེ། ཧུའུ་ཀྲུའུ་ཡི་མཚོ་སྔོན་གཙགས་དྲུབ་ཐོན་ལས་རྟེན་གཞི་བཙུགས། མགོན་པོ་བཀྲ་ཤིས་ཐོག་མར་ཐོན་ལས་རྟེན་གཞིར་བསླེབས་པ་དང་། གཟུགས་འདས་ཤུག་བཞག་རིག་གནས་འགྲེམ་སྟོན་ཁང་དང་མི་རིགས་གྱོན་ཆས་འགྲེམ་སྟོན་ཁང་། རིག་གནས་གསར་གཏོད་ཐོན་རྫས་འགྲེམ་སྟོན་ཁང་སོགས་སུ་བསྐྱོད་དེ། མཚོ་སྔོན་གཙགས་དྲུབ་རྩལ་ནུས་དང་བཟོ་པ་གསོ་སྐྱོང་། ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས། ཁོང་གིས་བཤད་དོན། མཚོ་སྔོན་གཙགས་དྲུབ་ནི་སོར་རྩེའི་རྩལ་ནུས་ཡིན་ལ་དེ་བས་ཀྱང་སོར་རྩེའི་དཔལ་འབྱོར་ཡིན་པས། གྲོང་གསེབ་དར་སྤེལ་དང་ས་ཁུལ་འཕེལ་རྒྱས་ལ་བྱས་རྗེས་བཞག དེ་བས་སྲོལ་རྒྱུན་གྱི་ལག་བཟོ་རྩལ་ནུས་འདི་རྒྱུན་འཛིན་ལེགས་པོ་བྱེད་པ་དང་དར་སྤེལ་ཡག་པོ་གཏོང་བ། མཚོ་སྔོན་གཙགས་དྲུབ་ཐོན་ལས་ལེགས་པར་བསྒྲུབས་ཏེ། སྔར་ལས་མང་པོའི་བཟོ་པ་མང་པོར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས།

དེའི་རྗེས་སུ་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་སྲིད་གྲོས་ཨུ་ཡོན་འཐུས་མི་དང་ལས་བྱེད་ལས་བཟོ་པ་ཁ་ཤས། གྲོང་གསེབ་དར་སྤེལ་གྱི་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ལས་ཞུགས་མི་སྣ་བཅས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་གནས་ཚུལ་ངོ་སྤྲོད་བྱས། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་ཧུའུ་ཀྲུའུ་རྫོང་ཏང་ཨུའི་ཧྲུའུ་ཅི་ཝང་ཀུའོ་ཏུན་གྱིས་སྒེར་གྱི་འགན་སྒྲུབ་མྱོང་བ་དང་སྦྱར་ཏེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས། མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྔར་ལས་ལྷག་པར་སློབ་སྦྱོང་ལེགས་པོ་དང་སྒྲོག་འགྲེལ་ཡག་པོ། ལག་བསྟར་བཟང་པོ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་དང་དཔྱིད་གསར་ཚོགས་འདུ་དང་པོ་གཉིས་ཀྱི་བཀོད་སྒྲིག་བླང་བྱ་ནན་ཏན་སྒོས་དངོས་འབེབས་བྱེད་པ། ཡིད་ཆེས་བརྟན་པ་དང་དངོས་སྒྲུབ་སྔོན་སྐྱོད་བྱེད་པ། ཁྱད་ལྡན་དགེ་མཚན་ཐོན་ལས་ཤུགས་ཆེན་པོས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ། ལས་ཞུགས་དང་འཕེལ་རྒྱས་དང་མཐུན་སྒྲིལ་བཅས་ལ་སྐུལ་བའི་ལས་དོན་ལ་གཅིག་འདོམས་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སྤོ་བར་སྐུལ་འདེད་གཏོང་དགོས།

མགོན་པོ་བཀྲ་ཤིས་འཁོར་དང་བཅས་པ་ད་དུང་ཞིང་ཆེན་སྲིད་གྲོས་ཨུ་ཡོན་ཧྲི་ཏུང་ཧྭ་ཡིས་གཉེར་སྐྱོང་བྱས་པའི་མནའ་སྟོན་གཞིས་ཀར་བསྐྱོད་ནས་རྟོག་ཞིབ་བྱས་པ་དང་། ཁེ་ལས་གཉེར་སྐྱོང་དོ་དམ་ལས་དོན་ལ་ཐུན་མོང་ཐོག་སློབ་སྦྱོང་བགྲོ་གླེང་བྱས་ལ། མཐོ་སྒང་ཁམས་གསོ་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་བཞུགས་མོལ་བརྗེ་རེས་བྱས། མགོན་པོ་བཀྲ་ཤིས་ཀྱིས་ཁེ་ལས“ཡུལ་སྐོར་དང་མཐོ་སྒང་ཁམས་གསོའི”འཕེལ་རྒྱས་རིགས་ལམ་དུ་བསྐྱོད་པར་གདེང་འཇོག་གང་ལེགས་བྱས་པར་མ་ཟད། ལག་ལེན་འཚོལ་ཞིབ་ལ་འབད་པ་དང་ཕྱོགས་སོ་སོའི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། དགེ་མཚན་ཐོན་ཁུངས་སྡུད་སྒྲིག་བྱེད་པ། ཁྱད་ལྡན་ཚོང་རྟགས་སྐྲུན་པ་སོགས་ཀྱི་ཕྱོགས་ནས་མཛུབ་སྟོན་རང་བཞིན་གྱི་བསམ་འཆར་བཏོན་ཏེ། ཚང་མས་མཉམ་དུ་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་དགེ་མཚན་དང་མཐོ་སྒང་གསོ་རིག་ཞིབ་འཇུག་གི་གྲུབ་འབྲས་དེ་མཐོ་སྒང་ཁམས་གསོ་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་སྟོབས་ཆེན་དུ་བསྒྱུར་དགོས་ཞེས་བསྟན།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཏ་ཡེ་མཉམ་ཞུགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号