མཚོ་སྔོན་གྱིས2025ལོའི་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས།
ཟླ3པའི་ཚེས10ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས《2025ལོའི་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》ཞེས་པ་པར་འགྲེམ་བྱས་ནས། མཚོ་སྔོན་གྱི2025ལོའི་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ལོ་ཧྲིལ་པོའི་རྒྱལ་ཁབ་ས་ཆ་ལྗང་སྒྱུར་གྱི་དམིགས་འབེན་ལས་འགན་སྤྱི་ཆིང་འབུམ་གསུམ་དང་ཁྲི་གསུམ་གྱི་ཡན་ལ་འབུད་དགོས་པ་ཁ་གསལ་བཟོས་ཡོད་ལ། དེའི་ནང་ནགས་སྐྲུན་ལྗང་སྒྱུར་གྱི་ཚད་སྤྱི་ཆིང་ཁྲི་བདུན་དང་སྟོང་གསུམ་སུམ་བརྒྱ་དང་། རྩྭ་ཐང་ཉམས་ཞན་དུ་འགྲོ་བ་བཅོས་སྐྱོང་བྱེད་ཚད་སྤྱི་ཆིང་འབུམ་གཉིས་དང་ཁྲི་དྲུག་ཡིན་ལ། ཁྱོན་བསྡོམས་འོས་འགན་སྡོང་བོ་བྱེ་བ་གཅིག་དང་ས་ཡ་བརྒྱད་འདེབས་འཛུགས་བྱ་རྩིས་ཡོད།
དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ལས་སྒོ་སྤེལ་བ་ནི་རྒྱལ་ཁབ་ས་ཆ་ལྗང་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཅན་ཞིག་ཡིན་ལ། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཁྱབ་སྤེལ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན། ད་ལོ་མཚོ་སྔོན་གྱིས་རི་ཆུ་དང་ནགས་ཚལ། ཞིང་ས། མཚེའུ། རྩྭ་ཐང་། བྱེ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། ལྗང་མདོག་གི་བར་སྟོང་རྒྱ་སྐྱེད་གང་ལེགས་གཏོང་རྒྱུ་ཡིན་པ་དང་། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ཁུལ་དགར་ཏེ་ཐབས་ཇུས་ལག་བསྟར་བྱས་ནས། རྒྱལ་ཁབ་ཀྱི་ས་ཆ་ལྗང་མདོག་ཅན་ལ་བསྒྱུར་བར་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། མུ་མཐུད་དུ་འཕར་ཚད་ཇེ་ཆེར་གཏོང་བ། རྩྭ་ཐང་དང་རི་ལྡེབས། ཐུར་ཞིང་། ས་རྒོད། བེད་མེད་དུ་བསྐྱུར་བའི་གཏེར་རི་སོགས་ཀྱི་རྒྱལ་ཁབ་ས་ཆ་བར་སྟོང་བེད་སྤྱོད་གང་ལེགས་བྱས་ནས་ལྗང་སྒྱུར་ལས་སྒོ་ཕྱོགས་དུ་མ་ནས་སྤེལ་ཏེ། ཐོག་མཐའ་བར་གསུམ་དུ་གཞི་ཁྱོན་ངེས་ཅན་ཞིག་གི་ལྗང་སྒྱུར་གྱི་མྱུར་ཚད་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཉམས་ཞན་ཁུལ་དུ་ལྗང་སྒྱུར་གྱི་ཚད་སྔར་ལས་ཇེ་མང་དུ་གཏོང་བ་དང་། ལྗང་མདོག་རྒྱ་སྐྱེད་གཏོང་བའི་མཁྲེགས་གཏོར་གྱི་འཐབ་འཛིང་གང་ལེགས་སྒོས་བརྒྱབ་ནས། ནགས་ཚལ་དང་རྩྭ་སའི་ཐོན་ཁུངས་བསྡོམས་འབོར་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་ཁག་ཐེག་བྱ་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注