མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་ཀྲུང་བོད་གསོ་རིག་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ།

“ངའི་ཨ་མར་གྲུམ་བུ་བྱུང་ཡོད་ལ། སྨན་བསྟེན་དུ་ས་ཆ་མང་པོར་སོང་མྱོང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ལ་གྲུམ་བུ་སོགས་ཀྱི་ནད་བཅོ་བར་ཐུན་མིན་གྱི་ནུས་པ་ཡོད་པ་གོ་ནས། འདི་གར་སྨན་བཅོས་བྱེད་དུ་ཡོང་བ་ཡིན། གསོ་བཅོས་ལ་ཕན་བསྐྱེད་འདི་འདྲ་ཆེ་བ་ཡིད་ལའང་མ་དྲན།” ད་ལོའི་ཟླ5པར། ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ནས་ཡོང་བའི་ལྕམ་མོ་ལི་ལགས་ཀྱིས་རང་གི་ཨ་མ་ཁྲིད་ནས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་སླེབས་ཤིང་། ཉིན10རིང་གསོ་བཅོས་བྱས་རྗེས། བགྲེས་མོའི་ནད་ལ་བཅོས་སྐྱེད་ལེགས་པོ་བྱུང་།

ཟླ11པའི་ཚེས18ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཀྲུང་བོད་སྨན་རྫས་དོ་དམ་ཅུས་ནས་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་ཀྲུང་བོད་སྨན་རྫས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཤིང་། བཅོས་བསྒྱུར་གསར་གཏོད་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། མཐོ་སྒང་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་གང་ནུས་བྱས། ཀྲུང་བོད་སྨན་རྫས་ཀྱི་ཞབས་ཞུའི་ནུས་པར་མཐོར་འདེགས་གང་ལེགས་བྱུང་སྟེ། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་ཀྲུང་བོད་སྨན་ཁང་འཛུགས་སྐྲུན་གྱི་ཁེབས་ཚད100%ལ་སླེབས། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཡོངས་རྫོགས་ཀྱིས་ཀྲུང་བོད་གསོ་རིག་གི་ཞབས་ཞུ་རིགས6དང་སྣ10སྤེལ་ནུས་ལ།  ཀྲུང་བོད་གསོ་རིག་གི་ཕྱོགས་བསྡུས་བཅོས་བསྒྱུར་གྱི་ཕན་འབྲས་མངོན་པར་གསལ། རྒྱལ་ཡོངས་ནས་ཐོག་མར་བོད་སོག་གསོ་རིག་སྨན་བཅོས་སྡེ་ཁག་གི་འགན་སྲུང་སྨན་ཐོ་ཐོག་མ་གཏན་འབེབས་བྱས་ཤིང་། ཀྲུང་བོད་སྨན་སྣ694དང་མི་རིགས་སྨན་རྫས156ཙམ་སྨན་བཅོས་འགན་སྲུང་ཁྱབ་ཁོངས་སུ་བཞག་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འབྲེལ་གནས་གང་དུའང་སྤྱོད་ཆོག་པར་བྱས། མིག་སྔའི་བར་དུ། སྨན་སྣ1784ཙམ་སྨན་བཅོས་སྡེ་ཁག235ནས་བསྟེན་ཆོག་པར་མ་ཟད་སྨན་བཅོས་འགན་སྲུང་ལས་ཉོས་ཆོག

ཀྲུང་བོད་གསོ་རིག་གི་འཇོན་མིའི་རུ་དཔུང་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་ནས། ཀྲུང་བོད་གསོ་རིག་གི་ཚན་རིག་ཞིབ་འཇུག་ཕྱོགས་ལ་གསར་གཏོད་ཀྱི་གྲུབ་འབྲས་ཐོབ། རྒྱལ་ཁབ་ཀྱི་བོད་སྨན་ཐོན་ལས་ལག་རྩལ་གསར་གཏོད་ཞབས་ཞུ་སྟེགས་བུ་དང་། རྒྱལ་ཁབ་དང་ས་གནས་མཉམ་འབྲེལ་གྱི་བོད་སྨན་བཟོ་འགོད་ཞིབ་འཇུག་ལྟེ་གནས། མཚོ་སྔོན་ཞིང་ཆེན་བོད་སྨན་ཐོན་ལས་ལག་རྩལ་གསར་གཏོད་འཐབ་ཇུས་མནའ་འབྲེལ། མཚོ་སྔོན་ཞིང་ཆེན་བོད་སྨན་གསར་སྤེལ་གྱི་ཕུལ་བྱུང་གཙོ་གནད་ཚོད་ལྟ་ཁང་འཛུགས་པ་སོགས་ལ་བརྟེན་ནས། མུ་མཐུད་དུ་དེང་རབས་བོད་སྨན་གསར་བཟོའི་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་བསྐྱར་འཛུགས་ཀྱི་ལས་དོན་སྤེལ། རྒྱལ་ཡོངས་ཀྲུང་སྨན་ཐོན་ཁུངས་ཀྱི་ཡོངས་བཤེར་ཐེངས་བཞི་པ་ལེགས་འགྲུབ་བྱུང་སྟེ། ཞིང་ཆེན་ཡོངས་ཀྱི་ཀྲུང་སྨན་གྱི་སྨན་སྣ1600ལྷག་ཁུངས་ཆོད་པར་བྱས། མཚོ་སྔོན་གྱི་ཁུངས་དག་ཀྲུང་བོད་སྨན་རྫས“མཚོ་སྨན་བཅོ་བརྒྱད”ཞེས་པར་ངོས་འཛིན་གཏན་ཁེལ་བྱས་པར་མ་ཟད་ཁྱབ་སྒྲོག་བྱས། བོད་སྨན་ཚད་ལྡན་ཅན་གྱི་བྱ་བའི་ནུས་ཤུགས་ཇེ་ཆེར་བཏང་སྟེ། སྔ་ཕྱིར《མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་ཚད་གཞི》སོགས་བོད་སྨན་གྱི་ཚད་གཞི་མང་པོ་གཏན་འབེབས་དང་ཁྱབ་སྒྲོག་བྱས་ཏེ། ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་བོད་སྨན་ལས་རིགས་ཀྱི་ཚད་གཞི་དང་ལག་རྩལ་ཚད་ལྡན་དུ་གཏོང་བའི་ཕྱོགས་ལ་སྔར་ལས་ལྷག་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན།

ཀྲུང་བོད་གསོ་རིག་རིག་གནས་དར་སྤེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་། བོད་སྨན་གྱི་གཏར་གའི་བཅོས་ཐབས་སོགས་ལས་གཞི6རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོར་བཀོད་ཅིང་། ཀྲུང་བོད་གསོ་རིག་ཕྱོགས་ཀྱི་ལས་གཞི20ལྷག་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོར་བཀོད། བོད་སྨན་གྱི་གནའ་དཔེ་དཀོན་རིགས3000ལྷག་འཚོལ་སྡུད་དག་སྒྲིག་བྱས་ཏེ་པར་དུ་བསྐྲུན་པའི《བོད་ཀྱི་གསོ་རིག་ཀུན་བཏུས》ཞེས་པ་ནི་ད་ལྟའི་བར་གྱི་རྒྱལ་ནང་གི་གཞི་རྒྱ་ཆེ་ཤོས་ཀྱི་བོད་སྨན་ཡིག་ཆའི་པར་སྐྲུན་བཟོ་འགོད་ཅིག་ཡིན། 2024ལོར་མོང་གོལ་རྒྱལ་ཁབ་དང་རིག་གཞུང་རྟོག་ཞིབ་ཀྱི་བཅར་རེས་བྱས་ཏེ། སྲོལ་རྒྱུན་གསོ་རིག་གི་བརྗེ་རེས་མཉམ་ལས་འཕེལ་རྒྱས་ལ་སྔར་ལས་ལྷག་པར་སྐུལ་འདེད་བཏང་། ད་ལོར་མཚོ་སྔོན་དང་ཅང་ཞིའི་ཀྲུང་བོད་སྨན་རྫས་ཀྱི་མཉམ་ལས་འཕེལ་རྒྱས་གྲོས་ཚོགས་བསྡུས་ཤིང་། ཅང་ཞིའི་རེ་མེ་ཅིའུ་སྨན་ཁང་གི་མཉམ་འབྲེལ་སྨན་ཁང་གསུམ་ལ་སྒོ་བྱང་བཀལ་ཏེ། བོད་སྨན་གྱི་ཆེད་མཁས་པ་ཅང་ཞིར་དུས་ཐོག་ཏུ་འོས་འགན་སྨན་བཅོས་བྱེད་དུ་འགྲོ་བར་རྩ་འཛུགས་བྱས། “དུས་ཚིགས་ཉེར་བཞིར་མཚོ་སྔོན་གྱི་སྲོལ་རྒྱུན་ཀྲུང་བོད་གསོ་རིག་ལ་བཅར་བ”ཞེས་པའི་མུ་འབྲེལ་བྱ་འགུལ་སྤེལ་ནས། མང་ཚོགས་ཀྱིས་ཀྲུང་བོད་གསོ་རིག་དང་ལེན་དང་ངོས་ལེན་བྱེད་ཚད་བསྟུད་མར་མཐོར་འདེགས་བྱུང་། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号