ད་ལྟ་བོད་ཡུལ་ནས"ཁུ་ར"ཞེས་འབོད་པའི་གྲོ་ཕྱེའི་ཟན་གོར་ཞིག་གི་ནང་དུ། འོ་སྤྲི་གཙོ་བོར་གྱུར་པའི་བཟའ་བ་སྣ་ཚོགས་ཤིག་བླུགས་ཏེ་མེ་ལ་བསྲེགས་པའི་ཟ་མ་ཞིག་བཟོ་སྲོལ་ཡོད། འདིའི་ལག་རྩལ་ལ་མཚོན་ན། ད་ཡོད་དཔྱད་གཞིའི་རྒྱུ་ཆ་ཐང་ཡིག་ནང་དུ་གསལ་བ་ལྟར་དུ་ན། སྤྱི་ལོའི་དུས་རབས་དྲུག་པའི་ནང་ཙམ་ལ་བོད་དུ་ཡོད་པར་བཤད་ཡོད། «ཐང་ཡིག»ལས་དཀར་ཡོལ་གྱི་དོད་དུ་བག་ཕྱེ་ལས་སྐྱོ་ར་ཞིག་བྱས་པ་སྐམ་པའམ་བསྲེགས་ཏེ་ནང་དུ་འོ་མ་སོགས་བཏུང་ཞིང་མཐར་ཀ་ཡོལ་དེ་ཡང་ཟ་ཞེས་པ་དེ་ནི། གནའ་ནས་ད་ལྟའི་བར་དུ་བོད་ཡུལ་གྱི་དམངས་ཁྲོད་ནས། རྒྱུན་ལྡན་གྱི་གཡོས་སྦྱོར་ལག་རྩལ་ཞིག་རེད། དེ་ཡང་དབུས་གཙང་གཉིས་སུ་ཁུ་ར་ཞེས་འབོད་པ་དང་། མདོ་སྨད་རེབ་གོང་ཕྱོགས་ཀྱི་དོར་སྐད་ནང་དུའང་ཁུ་ར་ཞེས་འབོད་ཀྱིན་ཡོད། དེ་ནི་གྲོ་གོར་གོར་དུ་བཅས་པའི་ནང་། ཟས་སྣ་འཛོམས་ཤིག་བླུགས་ནས་མེར་བསྲེགས་པའི་ཟ་མ་ཞིམ་པོ་ཞིག་བཟོ་སྲོལ་ཡོད་པ་དེ་རེད།
དེ་ཡང་གཉའ་ནང་དུ“ཁྲག་ཁུ་ར”ཞེས་འབྲི་གཡག་གི་ཁྲག་དང་ནས་རྗེན་པའི་ཕྱེ་མ་བསྲེས་པ་བག་ལེབ་སྡེར་མའི་དབྱིབས་ཅན་ཞིག་མེ་ལ་བསྲེགས་པའི་ཐོག་ཏུ་འོ་མའི་སྤྲིའམ་ཡང་ན་ཕྲུམ་བླུགས་ནས་ཟ་སྲོལ་ཡོད། «དེབ་དཀར»ལས་དབུས་ཕྱོགས་སུ་གོང་ས་མཆོག་གི་གསོལ་ཐབ་ནས་བག་ལེབ་ཕོར་པའི་དབྱིབས་ཅན་ཞིག་བཟོ་སྲོལ་ཡོད་པར་བཤད་པ་དང་ད་ལྟ་ཡང་བླུག་ཀོང་མོག་མོག་ཅེས་པ་གྲོ་ཕྱེ་ཕོར་པའི་དབྱིབས་ཅན་ཞིག་བཟོ་སྲོལ་ཡོད།
སྤོ་ཀོང་ཕྱོགས་སུ་ཟོ་བ་གོར་ར་ཞེས་འབོད་ཅིང་། དེང་སང་ཟོ་བ་གྲོ་བསྲེག་ཅེས་མིང་དང་ལག་རྩལ་ལ་འགྱུར་བ་ཕྱིན་ཡོད་རུང་གནའ་བོའི་དམངས་སྲོལ་ལྟར་ན། རྡོ་གཡའ་ལེབ་དང་ཡང་ན་རྫ་སླང་། ལྕགས་སླང་སོགས་གང་རུང་ཞིག་གི་ནང་དུ་བག་ལེབ་གོར་གོར་མཐའ་ནས་ར་བ་ཡོད་པ་ཞིག་མེ་ལ་བསྲེགས་པའི་ནང་དུ་ཟོ་བ་དང་། མར་ཁུ། སུར་པན། ཟྭ་ལྡུམ་སོགས་རང་བྱུང་སྔོ་ཚོད་མཉམ་དུ་བསྐོལ་བ་ཞིག་བླུགས་པ། དེ་མེ་ལ་བསྲེགས་ཏེ་སྐུ་མགྲོན་གལ་ཆེན་ལ་སྣེ་ལེན་བྱེད་སྲོལ་ཡོད། དེ་ནི་ད་ལྟའི་ནུབ་ལུགས་ཀྱི་”ཕེས་སག”ཅེས་པ་དེ་དང་འདྲ་བོ་ཡོད་པ་ཞིག་རེད།
ཁམས་རི་བོ་ཆེའི་འབྲོག་ཁུལ་དུ་གྲོ་ཕྱེའི་བག་ལེབ་ཕོར་པའི་དབྱིབས་ཅན་ཞིག་ཕྱུར་ཁུ་ནང་དུ་བཙོས་རྗེས་དེའི་ནང་དུ་དབྱར་ཀ་ཟོག་ཁྲག་བཙོས་མ་དང་། སོས་ཀར་སྤུ་གྲོ་བླུགས་ཏེ་ཟ་སྲོལ་ཡོད། ཡང་ཁམས་ཁུལ་སྡེ་དགེ་རྨེ་ཤོད་དང་ཧོར་པོ་རག་ཆབ། དཔལ་ཡུལ་དང་ཉག་རོང་སོགས་སུ་ཡང་བག་ལེབ་དཀྱིལ་དུ་ཤ་དང་ཚོད་མ་སོགས་བཏུམས་པ། མེ་ལ་བསྲེགས་ཏེ་བཟའ་སྲོལ་ཡོད་པ་དེ་དག་ཀྱང་། གནའ་བོའི་བག་ལེབ་ཕོར་པའི་དབྱིབས་ཅན་གྱི་རྨང་གཞིའི་ཐོག་འགྱུར་བ་ཅུང་ཟད་བཏང་བ་ཞིག་ཡིན་པ་ཤེས་ནུས།
«ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད»ལས། ཕོ་ཡོང་བཟའ་རྒྱལ་མོ་བཙུན་གྱིས་བུ་ཚལ་གསེར་ཁང་གླིང་ཞེས་པའི་ལྷ་ཁང་བཞེངས་སྐབས། བཟོ་བོ་ལ་ཟས་སྣ་མི་འདྲ་བ་བཅུ་གསུམ་དྲངས་པས་བཟོ་སྣ་ཁྱད་པར་བ་བཅུ་གསུམ། ཕྱི་ན་གྱང་མེད་པ། ནང་ན་ཀ་བ་མེད་པ་སོགས་ཀྱི་བཟོ་སྣ་ཁྱད་ཆོས་བཅུ་གསུམ་ཡོད་པ་བཞེངས་ཚུལ་གསལ་བའི་ནང་དུ་རྐང་ཁུ་ར་དང་ཟོ་ཁུར། སྤྲི་ཁུར་སོགས་སུ་འབོད་པ་ནི་དེང་སང་ནུབ་ཕྱོགས་ཀྱི་ཕེས་སག་ཅེས་པའི་བག་ལེབ་དང་འདྲ་བོ་ཡོད་པ་རེད། བོད་ཡུལ་དུ་བཟའ་བ་འདིའི་ལམ་ལུགས་བྱུང་ཚུལ་ཐང་ཡིག་ལྟར་ན། ལོ༡༥༠༠ཡས་མས་ཀྱི་ལོ་རྒྱུས་ཡོད་པ་རེད།
ནུབ་ལུགས་ཀྱི་ཕེས་སག་གི་ལོ་རྒྱུས་ལ་མཚོན་ན། སྤྱི་ལོའི་དུས་རབས་བཅུ་གསུམ་པའི་མཇུག་ཏུ་དབྱི་ཐ་ལིའི་ཡུལ་སྐོར་བ། མ་ཁི་པོ་ལོས་རྒྱ་ནག་བྱང་ཕྱོགས་ཀྱི་ཙོང་སྣུམ་བག་ལེབ་ལས་བྱུང་བ་རེད་ཟེར་བའི་བཤད་སྲོལ་གཅིག་དང་། ཡང་བཤད་སྲོལ་གཞན་ཞིག་ལ་དབྱི་ཐ་ལིའི་མ་རྒན་ཞིག་གིས་ཕྲུ་གུའི་ཆེད་ཕྱུར་བ་དང་གྲོ་ཕྱེ་ཀྲོ་མ་ཀྲུ(ལྡུམ་སྒོང)སོགས་ལས་བཟོས་པར་བཤད་པ་དང་གཉིས། ཡང་གནའ་སྔ་མོ་ནས་གྷི་རི་སི་ལུང་པའི་ནང་དུ་གྲོའི་བག་ལེབ་ཆེན་པོ་ཞིག་གི་ཐོག་ཏུ་སྐྱུ་རུའི་ཚིལ་སྣུམ་དང་ཞོག་ཁོག །བྲོ་རྫས་སོགས་མཉམ་དུ་བླུགས་པའི་ཟ་མ་ཞིག་བཟོ་སྲོལ་ཡོད་པ་དེ་ཉིད། དུས་རབས་བཅོ་བརྒྱད་པའི་ནང་དུ་དབྱི་ཐ་ལི་ནས་ཀྲོ་མ་ཀྲུ་སོགས་བླུགས་ནས་བསྲེགས་པའི་ཕེས་སག་གི་ལག་རྩལ་འདི་བྱུང་བར་བཤད་སྲོལ་ཡོད་པར་གྲགས།
ད་སྐབས་རྙེད་པའི་ཆ་འཕྲིན་རྣམས་ཀྱི་ལྟར་ན། ལོ་ཉིས་བརྒྱའི་གོང་ཙམ་ནས་དབྱི་ཐ་ལི་ནས་དར་སྤེལ་བྱུང་བར་བཤད་པ་དང་། མདོ་དབུས་མཐོ་སྒང་གི་ས་ཆ་འདིར་ལོ༡༥༠༠གོང་ཙམ་ལ་དར་སྲོལ་ཡོད་པ་གཉིས་ཀྱི་བར། འབྲེལ་བ་ཡོད་པའི་སྐོར་གྱི་ཆ་འཕྲིན་གང་ཡང་མ་རྙེད། འོན་ཀྱང་རྒྱུ་ཆ་གྲོ་ཕྱེ་དང་འོ་མའི་ཐོན་རྫས་གཙོ་བོ་ཡིན་པ་དང་། བཟོ་ལུགས་ཀྱི་ལག་རྩལ་ནི་ཧ་ཅང་འདྲ་བོ་ཡོད་པ་རེད།
གནའ་དུས་བོད་ཀྱི་ཁུ་ར་བཟོ་སའི་རྫ་སྣོད་ལ་ཡང་ཧ་ཅང་སྤྲོས་པ་ཆེ་བའི་རིག་གནས་ཀྱི་རྣམ་པ་ཞིག་ཆགས་ཡོད། དེ་ཡང་བསྲེག་སྣོད་རྫ་སྡེར་གྱི་འོག་བཞི་ལ་འཚོ་བཅུད་མི་འགྱུར་བའི་མཚོན་བྱེད། ས་གཞིའི་རི་མོ་འདབ་མ་བཞི་པ་དུ་མ་བཀོད་པ་དང་། མེ་ལ་བསྲེགས་ནས་ཟ་ཆོག་པའི་དུས་སུ་མ་ཆེན་གྱིས་ཟས་རྟགས་རྒྱག་པའི་ལུགས་སྲོལ་ཞིག་ཡོད་པ་ནི། ཟ་མ་དེ་ལ་དུག་སོགས་ཀྱི་གནོད་པ་མེད་པ་དང་ཚོས་ཟིན་ནས་ཟ་རུང་བའི་རྟགས་སུ་བཀོད་པར་བཤད། ཟས་རྟགས་རྒྱག་བྱེད་ཤིང་གི་ཐམ་ཀ་ལ། མ་ཆེན་སོ་སོའི་དགའ་ཕྱོགས་དང་། རིགས་རུས་སོགས་མཚོན་པའི་ཡིག་རིས་སྣ་ཚོགས་ཡོད་པ་ཞིག་རྒྱུན་ལྡན་ལུས་ལ་འཆང་སྲོལ་ཡོད་པར་བཤད། གལ་སྲིད་ཐམ་ཀ་མེད་ན་ཐུར་མ་སོགས་གང་རུང་གིས་ཟས་རྟགས་རྒྱག་སྲོལ་ཡོད། དམངས་ཁྲོད་བཤད་རྒྱུན་ལ། ཟས་རྟགས་རྒྱལ་པོ་ཡིན་ཡང་བརྩི་ཤེས་དགོས། ཟས་རྟགས་སྤྲང་པོ་ཡིན་ཡང་སྒུག་ལོང་ཡོད་དགོས། ཞེས་ཟེར་སྲོལ་ཡོད་པ་ནི་ཟ་མ་ཚོས་ཟིན་མིན་དང་། མ་ཚོས་པའི་ཟ་མས་གནོད་པ་ཆེ་བས་ན། ཆེ་བ་རྒྱལ་པོ་དང་ལྟོགས་པ་སྤྲང་པོ་ཡིན་རུང་། ཟ་མའི་ཕན་གནོད་ལ་བསམ་གཞིགས་ཡོད་པའི་ཐོག་ནས་མ་ཆེན་གྱི་ཆོག་མཆན་ལ་བརྩི་དགོས་ཚུལ་བསྟན་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注