“དུས་ཚོད་གཉིས་ཀྱི་སྐྱོབ་བཅོས་རུ་སྐོར”གྱིས་ཚེ་སྲོག་མྱུར་སྐྱོབ་ལ་མགྱོགས་སྐུལ་བྱས།

ཟླ10པའི་ཚེས26ཉིན། ཞག་གང་བོར་ཁ་བ་བབས། ཕྱི་ཉིན་སྔ་དྲོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་སོག་རུ་མ་ཞང་ལྕམ་སྡེ་བ་དངུལ་དཀར་གྱི་འཇིག་རྟེན་ཞིག་དང་འདྲ།  “སྐར་མ། དལ་མོ་བྱོས་དང་། ཐང་ལ་འགྱེལ་ན་ཅི་བྱ།” སྡེ་བའི་ཐང་ཆེན་དེར། བྱིས་པ་ཚོའི་དགའ་སྤྲོའི་དགོད་སྒྲའི་ཁྲོད་ཨ་མ་ཞིག་གི་བྱམས་བརྩེའི་འབོད་སྐད་ཅིག་གྲག་ཡོང་། ལོ་དགུ་ལ་སོན་པའི་སྐར་མ(བཏགས་མིང)ཨ་མས་བྱམས་སྐྱོང་འོག སྐབས་རེར་རྩེད་གྲོགས་ཚོར་གངས་རིལ་གཡུགས་པ་དང་། ལན་རེར་གངས་ནང་དུ་འགྲེ་ལོག་བརྒྱབ་སྟེ་རྩེ་བཞིན་མཆིས། བལྟས་ཚོད་དུ་རྒྱུན་ལྡན་དུ་སྣང་བའི་བདེ་སྐྱིད་ཀྱི་རྣམ་པ་འདི་དག་ནི་འཆི་བདག་གི་ལག་ནས“འཕྲོག”ཡོང་བ་ཡིན་ཏེ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གིས་འབད་པས་བཙུགས་པའི“དུས་ཚོད་གཉིས་ཀྱི་སྐྱོབ་བཅོས་རུ་སྐོར”ནི་ལྷའི་ཕོ་ཉ་ཞིག་དང་འདྲ་བར་སྐར་མའི་ཚེ་སྲོག་བསྲུངས་ཏེ། འབྲོག་ཁྱིམ་འདིའི་སྐྱིད་ཀྱི་རྨུ་ཐག་རིང་དུ་བསྲིངས།   

མིག་ནད་བརྟག་ཆས་སྔོན་ཐོན་ནང་འདྲེན་བྱས་པས། མཐོ་སྒང་དུ་བྱུང་ཚད་མང་བའི་སྐྱ་འགྲིབ་ནད་མང་པོ་སྔ་མོ་ནས་ཤེས་ཏེ་སྔ་མོ་ནས་གསོ་བཅོས་བྱེད་ཐུབ་པར་གྱུར། སྨན་པསCTཡི་བརྟག་འབྲས་ལ་བལྟས་ནས་ནད་པའི་ནད་ལ་བརྟག་བཞིན་པ།

ཕྱི་མིག་ཅིག་བལྟས་ན། ད་ལོའི་ཟླ4པར། གློ་བུར་དུ་བྱུང་བའི་འཁོར་བགེགས་ཐེངས་ཤིག་གིས་སྐར་མའི་བྲང་ཁོག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཤིང་། ཁྲག་གི་བཞུར་རྒྱུན་མ་ཆད་པས་དྲན་པ་ཐོར་ནས་བརྒྱལ་སོང་། ལྕམ་སྡེ་བའི་ཆ་སྙོམས་ཀྱི་མཚོ་འཕགས་སྨི4000ལྷག་ཡིན་ལ། གཅིག་སྒྲིལ་རྫོང་མི་དམངས་སྨན་ཁང་དང་བར་ཐག་སྤྱི་ལེ100ཙམ་ཡོད་པ་དང་། མགོ་ལོག་ཁུལ་མི་དམངས་སྨན་ཁང་དང་སྤྱི་ལེ200ལྷག་གི་བར་ཐག་ཡོད། སྔོན་ཆད། ནད་པ་ལྕི་མོ་བྱུང་ཚེ། ལྕམ་སྡེ་བའི་སྡེ་མི་ཚོས་རྒྱུན་པར“ལས་གནམ་ལ་བཅོལ”རྒྱུ་ལས་ཐབས་གཞན་མེད།  སྡེ་བའི་ནང་གི་རྒན་པ་རིན་བཀྲས་འདས་དོན་ཕྱིར་དྲན་བྱེད་སྐབས་ཕངས་སེམས་ཀྱིས་ཁེངས་ཡོད། “གལ་ཏེ་ནད་གཞི་ལྕི་མོ་ཕོག་ཚེ། ཆ་རྐྱེན་ཅུང་བཟང་བ་དག་གིས་རང་རང་གིས་ཁུལ་སྨན་ཁང་དང་ཡང་ན་ཟི་ལིང་གི་སྨན་ཁང་དུ་སྐྱེལ་བཞིན་ཡོད། གལ་ཏེ་རླངས་འཁོར་གྱིས་བརྡུང་བ་དང་བྲག་ཁ་ནས་ལྷུང་བ་ཡིན་ན། ཕྱིར་ཁྱིམ་དུ་སྐྱེལ་ཐབས་བྱེད་པ་དང་ཡང་ན་སྨན་པ་བཙལ་ནས་བལྟ་རུ་འཇུག་རྒྱུ་ལས་ཐབས་གཞན་མེད། གལ་ཏེ་སྐྱོབ་ཐབས་ཡོད་ན་ལས་ཡག་སོང་། སྐྱོབ་ཐབས་མེད་ནའང་ལས་དང་ལེན་བྱེད་རྒྱུ་ལས་མེད།”“སྔོན་ཆད་དངོས་གནས་འདི་འདྲ་རེད། ཡིན་ཡང་ད་ལྟ་ང་ཚོས་བཙུགས་པའི‘དུས་ཚོད་གཉིས་ཀྱི་སྐྱོབ་བཅོས་རུ་སྐོར’ཡོད་པས། རྨས་སྐྱོན་ཚབས་ཆེན་བྱུང་བའི་སྐར་མ་ལྟར་རིམ་པ་གསུམ་པ་དང་བཞི་པའི་གཤག་བཅོས་ཀྱིས60%ཟིན་ཡོད། སུས་ཀྱང100% ཡིས་སྐྱོབ་ཐུབ་པ་ཁག་ཐེག་བྱེད་མི་ཐུབ་མོད། ཡིན་ཡང་ང་ཚོས100%ཡི་སེམས་ཤུགས་བཏོན་ནས་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱ་ཁོ་ཐག་ཡིན” ཞེས་སྐར་མ་ཚང་ལ་ནད་པའི་གནས་ཚུལ་འདྲི་ཞིབ་ཏུ་ཡོང་བའི་ཝང་ཞུས་དབྱང་གིས་དེ་ལྟར་བཤད། ཝང་ཞུས་དབྱང་ནི་ཧྲེང་ཧའེ་ཡི་མཚོ་སྔོན་སྨན་བཅོས་རོགས་སྐྱོར་ལས་བྱེད་འཇོན་མི་སྐོར་ལྔ་པའི་གྲས་ཀྱི་གཅིག་ཡིན་ལ། མགོ་ལོག་ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་གི་ལས་རོགས་པ་དང་རྨས་སྐྱོན་ལྟེ་གནས་ཀྱི་ཀྲུའུ་རེན་གྱི་འགན་ཁུར་ཡོད། དུས་མཚུངས་སུ་དབང་རྩའི་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཡང་ཡིན། ཁོས་ང་ཚོར་སྐབས་ཐོག་དེའི་འཇིགས་སུ་རུང་བའི་མྱུར་སྐྱོབ་གོ་རིམ་གསལ་པོར་བཤད།

འཁོར་བགེགས་བྱུང་རྗེས། སོག་རུ་མ་ཞང་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣས་མགྱོགས་མྱུར་ངང་ཡུལ་དངོས་མྱུར་སྐྱོབ་བྱ་བ་སྤེལ། སྐར་མའི་རྨས་སྐྱོན་ཚབས་ཆེན་ཡིན་པས། གཅིག་སྒྲིལ་རྫོང་མི་དམངས་སྨན་ཁང་གི120མྱུར་སྐྱོབ་ལྟེ་གནས་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་བརྡ་ཁྱབ་འབྱོར་རྗེས། དེ་མ་ཐག་སྨན་དོན་མི་སྣ་རྩ་འཛུགས་བྱས་ནས། སྒྲིག་ཆས་ཆ་ཚང་ཁྱེར་ཏེ་དུས་ཚོད་གཅིག་ལྷག་གི་ལམ་ཐག་བརྒྱུད་དེ་རོགས་སྐྱོར་བྱེད་དུ་འོངས། ཉིན་གུང་དུས་ཚོད་གཅིག་གི་སྟེང་། མགོ་ལོག་ཁུལ་མི་དམངས་སྨན་ཁང་གི་མཚོ་སྔོན་སྨན་བཅོས་རོགས་སྐྱོབ་ཚོགས་པས་བཙུགས་པའི“མགོ་ལོག་ཁུལ་རྨས་སྐྱོན་ལྟེ་གནས”ཞེས་པའི་སྐད་འཕྲིན་ཚོགས་པའི་ནང་དུ་བརྡ་འཕྲིན་འདི་འདྲ་ཞིག་འབྱོར་བ་སྟེ། “རྨས་ཕོག་མཁན་ནི་ལོ་དགུ་ཅན་གྱི་བྱིས་པ་ཞིག་རེད། འཁོར་བགེགས་བྱུང་སྟེ་མཚེར་བ་གས་པ་དང་། གློ་བ་རྨས་པ། མཆིན་པའི་ཤ་གནད་ལ་སེར་ཁ་གས་པ། དྲ་སྐྱི་བྲང་ཁོག་ལ་ཟུག་པ་བཅས་ཀྱི་རྨས་ཕོག་འདུག མྱུར་སྐྱོབ་བྱས་པ་བརྒྱུད་མིག་སྔར་ཚེ་སྲོག་ལ་སྐྱོན་མེད་མོད། ནད་པའི་རིག་པ་གསལ་པོ་མ་རེད། རང་རེ་སྨན་ཁང་ལ་གཤག་བཅོས་བྱེད་པའི་ཆ་རྐྱེན་མེད་པས། ད་ལྟ་ཁུལ་སྨན་ཁང་དུ་སྐྱེལ་བཞིན་ཡོད།”  བརྡ་འཕྲིན་འདི་འབྱོར་མ་ཐག ཁུལ་མི་དམངས་སྨན་ཁང་གི་རྨས་སྐྱོན་ལྟེ་གནས་ཀྱི་རྨས་སྐྱོན་ཚབས་ཆེན་སྐྱོབ་བཅོས་ཆེད་མཁས་ཚོགས་པ་མྱུར་དུ་འགུལ་སྐྱོད་བྱེད་མགོ་བརྩམས།

ཀླད་སྙིང་དང་བྱིས་ནད་ཚན་ཁག རུས་ནད་ཚན་ཁག འཕྲལ་བཅོས་སྒོ་བསྟེན་སོགས་འབྲེལ་ཡོད་ཚན་ཁག་གི་མཚོ་སྔོན་ལ་རོགས་སྐྱོར་དང་།མཚོ་སྔོན་ལྷོ་རྒྱུད་ས་ཁུལ་ལ་རོགས་སྐྱོར་དུ་ཡོང་བའི་ཆེད་མཁས་པ་དང་མགོ་ལོག་རང་ས་གནས་ཀྱི་ཕྱི་ནད་ཚན་ཁག་གི་སྨན་པ་ཡོངས་ཀྱིས་སྐྱོབ་བཅོས་རུ་ཁག་ཅིག་གྲུབ། ཁོ་ཚོས་གཅིག་སྒྲིལ་རྫོང་མི་དམངས་སྨན་ཁང་གིས་སྐབས་ཐོག་རེ་རེར་ཞུས་པའི་ནད་པའི་གནས་ཚུལ་བརྡ་འཕྲིན་གཞིར་བཟུང་སྟེ། དུས་ཚོད་སྐར་ཆ་རེ་རེ་བརྩོན་ལེན་བྱས་ནས་གཤག་བཅོས་ཇུས་གཞི་གཏན་ལ་ཕབ། དེ་དང་ཆབས་ཅིག་རྒྱང་བསྟེན་བརྟག་བཅོས་མ་ལག་དང་ཧྲེང་ཧའེ་ཡི་རྗེས་གྲབས་ཀྱི་སྨན་བཅོས་ཆེད་མཁས་པ་དང་དྲ་འབྲེལ་བྱས་ནས། གཤག་བཅོས་བྱེད་པའི་གོ་རིམ་ཁྲོད་འབྱུང་སྲིད་པའི་ཐོལ་བྱུང་གནས་ཚུལ་གྱི་ཐད་ནས་དབྱེ་ཞིབ་དང་བརྡར་གཅོད་གཏིང་ཟབ་བྱས། སྐར་མ་སྨན་ཁང་ལ་སྐྱེལ་བའི་གོ་རིམ་ཁྲོད། ཆ་ཚང་ཞིང་ཚན་རིག་དང་མཐུན་པའི་སྐྱོབ་བཅོས་ཇུས་གཞི་ཞིག་ལེགས་པར་གྲུབ།

གཅིག་སྒྲིལ་རྫོང་མི་དམངས་སྨན་ཁང་གི་མྱུར་སྐྱོབ་རླངས་འཁོར་དེ་དུས་ཚོད1དང་སྐར་མ50ཡི་རྗེས་སུ་བདེ་བླག་ངང་ཁུལ་མི་དམངས་སྨན་ཁང་དུ་འབྱོར། སྨན་བཅོས་མི་སྣས་སྐར་མ30ཡི་ནང་དུ་བྲང་ཁོགBཁྲའོ་དང་ལུས་ཧྲིལ་པོའིCTསོགས་གཤག་བཅོས་སྔོན་གྱི་བརྟག་བཤེར་ཡོངས་སུ་བྱས་ཚར། གཤག་བཅོས་ཁང་དུ། ཚན་ཁག་མང་པོའི་ཆེད་མཁས་པ་དང་རྐང་འཛིན་པས་སེམས་ཤུགས་གཅིག་སྒྲིལ་གྱིས་གཤག་བཅོས་བྱེད་བཞིན་ཡོད་ལ། གཤག་བཅོས་ལེགས་འགྲུབ་འབྱུང་བ་དང་ནད་པའི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས། གཤག་བཅོས་ཁང་གི་ཕྱི་རོལ་དུ། ནད་གཞི་ལྕི་མོའི་ལྟ་སྐྱོང་ནད་ཁང་གི་སྨན་བཅོས་རྐང་འཛིན་མི་སྣའང་ཁོམ་ལོང་ཏོག་ཙམ་མེད་པར། ཁ་གཏད་རང་བཞིན་ཡོད་པའི་སྒོ་ནས་ཉེན་ཁའི་ནད་གཞི་ཚབས་ཆེན་གྱི་བཅོས་སྐྱོང་ལག་བསྟར་ཇུས་གཞི་གཏན་འབེབས་བྱེད་བཞིན་ཡོད། དུས་ཚོད5ལྷག་གི་རིང་ལ་བྲེལ་ཚབས་ཆེ་བའི་ངང་གཤག་བཅོས་བྱས་མཐར། སྐར་མ་གཞི་ནས་ཉེན་ཁ་ལས་ཐར། གཤག་བཅོས་བྱས་རྗེས་ཀྱི་ཉིན་གསུམ་པར། ཁོའི་དྲན་པ་གསལ་པོར་གྱུར་ཅིང་མལ་ཁྲི་ལས་བབས་ཏེ་འགུལ་སྐྱོད་བྱེད་ཐུབ་པར་གྱུར། གཤག་བཅོས་བྱས་ནས་ཟླ་ཕྱེད་ཙམ་འགོར་རྗེས་སངས་དྲག་བྱུང་སྟེ་བདེ་བླག་ངང་སྨན་ཁང་ལས་བུད།

དུས་ཚོད2རིང་གི་སྐྱེལ་འདྲེན་དང་། དུས་ཚོད5ལྷག་རིང་གི་གཤག་བཅོས་ཏེ། ཚེ་སྲོག་གི་མྱུ་གུ་ཆུང་ཆུང་འདི་དུས་ཡུན་ཐུང་ཐུང་དུས་ཚོད8གྱི་ནང་དུ་འཆི་བདག་གི་ལག་ནས་རྒྱལ་ཁའི་ངང་བསྐྱབས། གོ་རིམ་འདི་ནི“མྱུར་སྐྱོབ”ཞེས་པའི་ཡི་གེ་གཉིས་ཀྱིས་སྡུད་ཐུབ་པ་ཞིག་ག་ལ་ཡིན།

 ང་ཚོས་ཤེས་གསལ་ལྟར། ཐོལ་བྱུང་རྨས་སྐྱོན་དང་ཐོལ་བྱུང་ཀླད་སྙིང་ཁྲག་རྩའི་ནད་ཀྱི་སྐྱོབ་བཅོས་དུས་སྐབས་བཟང་ཤོས་ནི་དུས་ཚོད་གཉིས་ཀྱི་ནང་ཚུན་ཡིན། 2022ལོར། ཧྲང་ཧའེ་ཡི་མཚོ་སྔོན་སྨན་བཅོས་རོགས་སྐྱོར་ཚོགས་པ་སྐོར་ལྔ་པས་བརྟག་ཞིབ་བྱས་པ་བརྒྱུད། ཁོ་ཚོས་རོགས་འདེགས་བྱས་པའི་མགོ་ལོག་ཁུལ་མི་དམངས་སྨན་ཁང་དང་ཉེ་འཁོར་གྱི་རྫོང་ལྔའི་མི་འབོར་འདུ་རུབ་ཆེ་བའི་རྫོང་དང་ཞང་རིམ་པའི་སྨན་བཅོས་ལས་ཁུངས་བར་གྱི་ལམ་ཐག་ཕལ་ཆེ་བ་དུས་ཚོད་གཉིས་ཡས་མས་ཡོད་པ་ཤེས་ལ། ཁུལ་དང་རྫོང་། ཞང་། སྡེ་བ་བཅས་རིམ་པ་བཞིའི་སྨན་བཅོས་ཐོན་ཁུངས་མཉམ་འབྲེལ་བྱས་པ་བརྒྱུད། གནས་འདིར་ཡུལ་བབ་དང་བསྟུན་ནས“དུས་ཚོད་གཉིས་ཀྱི་སྐྱོབ་བཅོས་རུ་སྐོར”འཛུགས་པའི་ས་ཁམས་ཀྱི་ཆ་རྐྱེན་ལྡན་པ་དང་། ཉེན་བྲེལ་རིགས་ཀྱི་ནད་གཞི་ལྕི་མོ་ཕོག་པའི་ནད་པར་དུས་ཐོག་ཏུ་སྐྱོབ་བཅོས་བྱེད་པ་མངོན་འགྱུར་བྱ་ཐུབ་ལ། མྱུར་སྐྱོབ་ཀྱི་རྒྱལ་ཁ་ཐོབ་ཚད་མཐོར་འདེགས་གཏོང་བ་དང་། ལམ་ཐག་རིང་པོར་སྐྱེལ་འདྲེན་བྱེད་མི་དགོས་པས། ནད་པ་འཆི་ཚད་མངོན་གསལ་གྱིས་ཇེ་དམའ་རུ་གཏོང་ཐུབ་པར་འདོད།

ཧྲང་ཧའེ་ཡི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་སྐོར་ལྔ་པ་དང་མགོ་ལོག་ཁུལ་མི་དམངས་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཡོན་ཀྲང་ཀྲོའུ་ཞའོ་ཧུའེ་ཡིས་གསར་འགོད་པར་བཤད་རྒྱུར། ལོ་ངོ་གཉིས་ལྷག་གི་རིང་ལ་འཛུགས་སྐྲུན་དང་འཕེལ་རྒྱས་བྱུང་བ་བརྒྱུད། “དུས་ཚོད་གཉིས་ཀྱི་སྐྱོབ་བཅོས་རུ་སྐོར”ལ་མྱུར་སྐྱོབ་ནས་སྨན་བཅོས་དང་། རྗེས་མཐུད་ཀྱི་སངས་དྲག་བཅས་འདུས་པའི་སྐྱོབ་བཅོས་མ་ལག་འཐུས་ཚང་ཞིག་ཆགས་ཡོད་ཟེར། ད་ལོར། མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་གསར་གཏོད་ལས་སྐྲུན་ཁུ་ནུ་འཇོན་མིའི་ལས་གཞི་སྣ་གཉིས་དང་རྗེས་གྲབས་ཀྱི་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཚན་རྩལ་སློབ་གསོ་ཞིབ་འཇུག་རུ་ཁག་གི་རྒྱབ་སྐྱོར་ལ་བརྟེན་ནས། མཚོ་སྔོན་སྨན་བཅོས་རོགས་སྐྱོར་ཚོགས་པས་ད་དུང“མཐོ་སྒང་ཁྱད་འབྱུང་ནད་རིགས་བདེ་ཐང་དོ་དམ་དྲ་ལམ་སྟེགས་བུ”གསར་དུ་བཙུགས་ཡོད། སྟེགས་བུ་འདིའི་ནང་རྨས་སྐྱོན་ཚབས་ཆེན་བྱུང་བ་དང་ཀླད་གཟའ་ཕོག་པ། ནད་གཞི་ལྕི་ཞིང་སྲོག་ཉེན་ཆེ་བའི་བྱིས་པ་གསར་སྐྱེ། ལྷན་སྐྱེས་ཀྱི་སྙིང་ནད་སོགས་མཐོ་སྒང་དུ་འབྱུང་ཚད་མཐོ་བའི་རྒྱུན་མཐོང་གི་ནད་རིགས་མང་པོ་ཞིག་འདུས་ཤིང་། མགོ་ལོག་ཁུལ་གྱི་རྫོང་སྨན་ཁང5དང་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང40ལྷག་ལ་ཁྱབ་ཡོད།

ཟླ10པའི་ཚེས29ཉིན་གྱི་དགོང་མོར། མགོ་ལོག་ཁུལ་མི་དམངས་སྨན་ཁང་གིས་ཡང་བསྐྱར་དྲ་སྣེའི་སྟེགས་བུར་བརྟེན་ནས་བཙུགས་པའི་ཁུལ་དང་རྫོང་། ཞང་། སྡེ་བ་བཅས་རིམ་པ་བཞིའི་དུས་ཐོག་མཉམ་འབྲེལ་ནང་རྐྱེན་བརྒྱུད་དེ། དར་ལག་རྫོང་མི་དམངས་སྨན་ཁང་ནས་ཐོན་པའི་མངལ་གནས་ནོར་བའི་སྦྲུམ་མ་ཞིག་ལ་ཁྲག་མང་པོ་ཤོར་བའི་གནས་ཚུལ་ཤེས་ཤིང་། མགྱོགས་མྱུར་ངང་གཤག་བཅོས་བྱ་རྒྱུ་གྲ་སྒྲིག་བྱས་ནས་བདེ་བླག་ངང་མྱུར་སྐྱོབ་བྱས། “དྲ་ལམ་ནས་དུས་ཐོག་ཏུ་ནད་གཞིའི་གནས་ཚུལ་ཡར་ཞུ་བྱས་པ་དང་། ཆེད་མཁས་པས་དེ་གཞིར་བཟུང་སྟེ་སྐྱོབ་བཅོས་ཇུས་གཞི་གཏན་འབེབས་བྱས་ལ། ཡུལ་དངོས་སྐྱེལ་འདྲེན་ལ‘དྲ་མིག་རྣམ་པའི’གཞི་གཅིག་ཅན་གྱི་དོ་དམ་བྱས་ནས། སྐྱོབ་བཅོས་ཀྱི་དུས་ཚོད་ཆེས་ཆེར་བསྟུངས། དེ་སྔོན་གྱི་གཞན་དབང་ཆེ་བའི་ཁ་གཏད་འཇལ་ཐབས་དེ་ད་ལྟའི་རང་འགུལ་སྐྱོབ་བཅོས་སུ་གྱུར་བ་དང་། ཚན་ཁག་མང་པོའི་ཆེད་མཁས་པས་མཉམ་ལས་དམག་འཐབ་བརྒྱབ་སྟེ། འཕྲལ་བཅོས་གཤག་བཅོས་ཀྱི་ལེགས་འགྲུབ་བྱུང་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་།” མགོ་ལོག་ཁུལ་མི་དམངས་སྨན་ཁང་དུ་ལོ་ངོ20ལྷག་གི་རིང་ལ་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པའི་འགན་ཁུར་བའི་རྡོ་རྗེ་སེམས་དཔའ་ཡིས་གསར་འགོད་པར་བཤད་རྒྱུར། “དུས་ཚོད་གཉིས་ཀྱི་སྐྱོབ་བཅོས་རུ་སྐོར”བཙུགས་པ་འདིས། “གཞི་གཅིག་ཅན་དང་ཚུགས་གཅིག་རྣམ་པ”ཡི་མཐོ་སྒང་རྨས་སྐྱོན་ཕྱོགས་བསྡུས་མྱུར་སྐྱོབ་རྨས་སྐྱོན་ལྟེ་གནས་གྲུབ་པ་དང་། དེ་ལས་ཁྱབ་པའི་སྔོན་ཐོན་གྱི་བརྟག་བཅོས་འདུ་ཤེས་དང་སྨན་བཅོས་ཞབས་ཞུའི་མ་ལག་གིས། མགོ་ལོག་ལ་ཁུལ་སྨན་བཅོས་ཞབས་ཞུའི་རྣམ་པ་གསར་པ་ཞིག་བཏོད་ཡོད་པར་མ་ཟད། རང་ས་གནས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁས་ལེན་ཐོབ་ཚད་སྔར་ལས་མཐོ།

མགོ་ལོག་ཁུལ་མི་དམངས་སྨན་ཁང་གི་རིག་ནུས་སྨན་བཅོས་གཞི་གྲངས་བརྙན་གཟུགས་སྟེགས་བུའི་སྟེང་དུ། སྒོ་བསྟེན་དང་འཕྲལ་བཅོས་སྒོ་བསྟེན་གྱི་གནས་ཚུལ་དང་། སྨན་ཁང་དུ་སྡོད་པའི་ནད་པའི་གནས་ཚུལ་དང་སྨན་ཁང་དུ་སྡོད་པའི་ནད་ཐོའི་རིམ་པ་སོགས་སྨན་བཅོས་ཞབས་ཞུའི་ཆ་འཕྲིན་གསལ་པོར་མཐོང་ཐུབ། སྟེགས་བུ་འདི་བརྒྱུད་དེ། ཧྲང་ཧའེ་ཡི་མཚོ་སྔོན་སྨན་བཅོས་རོགས་སྐྱོར་ཚོགས་པའི་ཁོངས་མིས་དུས་ཐོག་ཏུ་ནད་གཞི་གང་ཞིག་བྱུང་ཚད་མཐོ་བ་དང་། ནད་རིགས་གང་དག་གི་འབྱུང་ཚད་ཇེ་དམའ་རུ་འགྲོ་བཞིན་ཡོད་པ་རྒྱུས་ལོན་གསལ་པོ་བྱས་ནས། གཞི་རིམ་གྱི་རྫོང་སྨན་ཁང་དང་འཕྲོད་བསྟེན་ཁང་དང་མཉམ་འགུལ་བྱེད་ཐུབ་ལ། ཆུ་མ་ཡོང་གོང་གི་རགས་ལྟ་བུའི་བྱེད་ཐབས་འདིས་མང་ཚོགས་ལ་བདེ་ཐང་འགོག་ཐིག་བརྟན་པོ་ཞིག་བཙུགས་ཡོད།

“མགོ་ལོག་ས་ཁུལ་ནང་ཁོངས་ཀྱི་སྨན་བཅོས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་ལས་གཞན། ང་ཚོས་ད་དུང“སྐྱོབ་བཅོས་ཚོགས་པ་རྒྱ་བསྐྱེད་འཆར་གཞི་ལག་བསྟར་བྱས་ཏེ། མཚོ་སྔོན་སློབ་ཆེན་གྱི་ཟུར་གཏོགས་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་སྨན་ཁང་སོགས་ཞིང་ཆེན་རིམ་པའི་སྨན་ཁང8དང་མཉམ་དུ་བརྟག་བཅོས་ལྗང་མདོག་བགྲོད་ལམ་ཕྱེས་ཡོད།”ཀྲོའུ་ཞའོ་ཧུའེ་ཡིས་བཤད་རྒྱུར། མཚོ་སྔོན་རོགས་སྐྱོར་སྨན་བཅོས་ཚོགས་པས་མགོ་ལོག་ཏུ་ནད་བརྟག་སྨན་བཅོས་བྱས་པ་ཙམ་མ་ཡིན་པར། དེ་ལས་གལ་ཆེ་བ་ནི་སྤེལ་རོགས་ཁྲིད་གསུམ་བརྒྱུད་དེ་རང་ས་གནས་ཀྱི་འཇོན་མི་སྐྱེད་སྲིང་བྱས་ཤིང་། སྨན་བཅོས་ཞབས་ཞུའི་ཞན་ཆ་ཁ་གསབ་དང་སྨན་བཅོས་སྤུས་ཚད་མཐོར་འདེགས་བཏང་སྟེ། འབྲོག་པ་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་སྲུང་སྐྱོང་བྱེད་པའི་ཐད་རྒྱུན་ཆད་མེད་པར་ནུས་ཤུགས་འདོན་བཞིན་ཡོད། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号