རྨ་ལྷོས་ཤར་ནུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ད་ལོ་ནས་བཟུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁ་གཏད་མཚོ་སྐྱོར་དང་ཤར་ནུབ་རྒྱུད་རོགས་ལས་བྱེད་པ་དང་ནུབ་རྒྱུད་ཐོན་འབྱེད་ཆེན་མོར་སྔར་བས་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་དམ་འཛིན་གྱིས་ཐེན་ཅིན་གྲོང་ཁྱེར་གྱི་ཁེ་ལས་ཆེ་གྲས་ཁག་དང་འཛད་སྤྱོད་རོགས་སྐྱོར་ཉོ་སྒྲུབ་བཅས་ཀྱི་གྲོས་མཐུན་བཞག་ནས་ཟླ10བའི་ཚེས17ཉིན་བར་ས་གནས་གཉིས་ཀྱིས་ཚགས་ཤ་དང་ཤའི་རྣམ་གྲངས12ལ་མིང་རྟགས་བཀོད་པས་རྨ་ལྷོ་ཁུལ་གྱི་ཁེ་ལས་ཀྱི་ཕྱིར་ཚོང་ཐབས་ལམ་ཆེ་རུ་ཏན་ཏིག་ཕྱིན་པ་དང་ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་ཕྱིན་ནས་ས་གནས་དེ་གའི་དཔལ་འབྱོར་ལ་གསོན་ཤུགས་བསྣན་ཡོད།

རྨ་ལྷོ་ཁུལ་དང་ཐེན་ཅིན་གྲོང་ཁྱེར་གྱིས་ཁྱབ་ཁོངས་མང་པོའི་མཉམ་ལས་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱས་པ་སྟེ། ཕྱོགས་གཅིག་ནས་རང་ངོས་ཀྱི་ཕུན་སུམ་ཚོགས་པའི་ཞིང་ཕྱུགས་ལས་ཀྱི་ཐོན་ཁུངས་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་ཀྱི་ལེགས་ཆར་བརྟེན་ནས། ཐེན་ཅིན་གྲོང་ཁྱེར་གྱི་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་རའི་ཐབས་ལམ་དང་སྔོན་ཐོན་གྱི་གཉེར་ཚོང་འདུ་ཤེས་བརྒྱུད་རྨ་ལྷོ་ཁུལ་གྱི་སྤུས་ལེགས་ཚགས་ཤ་དང་ཞོ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་དེ་བས་རྒྱ་ཆེ་བའི་ཁྲོམ་རའི་ཐོག་ཁྱབ་གདལ་བཏང་བ་རེད། ཕྱོགས་གཞན་ཞིག་ནས་ཐེན་ཅིན་གྲོང་ཁྱེར་གྱིས་ཚན་རྩལ་གསར་གཏོད་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་སོགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་རྨ་ལྷོ་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་ཤིང་། རྨ་ལྷོ་ཁུལ་གྱིས་སྔོན་ཐོན་གྱི་ཐོན་སྐྱེད་ལག་རྩལ་དང་དོ་དམ་བྱེད་སྟངས་ནང་འདྲེན་བྱས་པ་བརྒྱུད། རྨ་ལྷོ་ཁུལ་གྱི་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ལས་ཕྱོད་དང་ཐོན་རྫས་སྤུས་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ནས། ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་བསྣན་རིན་ཐང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ས་གནས་གཉིས་ཀྱིས་ཤེས་ལྡན་མི་སྣ་ཕན་ཚུན་སྤེལ་རེས་ལ་སྐུལ་མ་བཏང་ནས་མཉམ་ལས་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱས་པ་དང་། ཐེན་ཅིན་གྲོང་ཁྱེར་གྱིས་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་རྨ་ལྷོ་ཁུལ་དུ་མངགས་ནས་ལག་རྩལ་མཛུབ་ཁྲིད་དང་གསོ་སྦྱོང་བྱས་ཏེ་སྔོན་ཐོན་གྱི་ཉམས་མྱོང་དང་འདུ་ཤེས་མཉམ་སྤྱོད་བྱས་པ་རེད། རྨ་ལྷོ་ཁུལ་གྱིས་ཀྱང་ས་གནས་དེ་གའི་ཤེས་ལྡན་མི་སྣ་སྒྲིག་འཛུགས་ཧུར་ཐག་བྱས་ནས་པིན་ཧའེ་ཁུལ་གསར་དུ་སློབ་སྦྱོང་དང་སྤེལ་རེས་བྱེད་པར་བསྐྱོད་དེ་མཐོང་རྒྱ་ཆེར་གཏོང་དང་འཇོན་ཐང་ཆེ་རུ་གཏོང་བཞིན་ཡོད།

 ཉེ་བའི་ལོ་ཤས་རིང་། རྨ་ལྷོ་ཁུལ་གྱིས་ཤར་ནུབ་མཉམ་ལས་གཏིང་ཟབ་བྱས་ཏེ་ཚོང་འགུགས་དངུལ་འདྲེན་བྱས་པ་བརྒྱུད་མ་འཇོག་གཞི་ཁྱོན་ཆེ་བ་དང་། ཐོན་ལས་འབྲེལ་བ་དམ་ཟབ་ཡོད་པ། སྐུལ་ཁྲིད་ནུས་པ་ཆེ་བ་བཅས་ཀྱི་སྣེ་འདྲེན་རྣམ་པ་དང་། རྟེན་གཞིའི་རྣམ་པ། བཀོད་འདོམས་རྣམ་པ་བཅས་ཀྱི་རྣམ་གྲངས་ཁག་གཅིག་བསྐྲུན་ཡོད་པ་རེད། ཞིང་ཕྱུགས་དང་རིག་གནས་དང་ཡུལ་སྐོར། གྲངས་གཞིའི་དཔལ་འབྱོར་སོགས་རྣམ་གྲངས་གལ་ཆེན་ལ་སྣེ་ཁྲིད་དང་སྐུལ་ཁྲིད་བྱས་པ་བརྒྱུད། ཐོན་ལས་ཁྱུ་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་དང་རྒྱུན་མཐུད་སྟོབས་ཆེར་འགྲོ་བར་སྐུལ་འདེད་བཏང་བ་རེད།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号