མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གཏོང་མགོ་ཚུགས་ནས་ལོ་བཞི་བཅུ་འཁོར་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གཏོང་མགོ་ཚུགས་ནས་ལོ་བཞི་བཅུ་འཁོར་བའི་བཞུགས་མོལ་ཚོགས་འདུ་ཟླ10པའི་ཚེས18ཉིན་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་གིས་ཚོགས་འདུར་འགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧྥིན་ཧྲིན་ཚོགས་འདུར་ཞུགས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། ལོ་ངོ་བཞི་བཅུའི་རིང་ལ། ཨ་མདོ་བརྙན་འཕྲིན་གྱིས་ཐོག་མཐའ་བར་གསུམ་དུ་ཏང་གིས་སྨྱན་བྱད་ལ་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་ལྷོད་མེད་བྱས་པ་དང་། ཆབ་སྲིད་པས་བརྙན་འཕྲིན་སྒྲུབ་པ་རྒྱུན་འཁྱོངས་བྱས་ལ། ཏང་གི་བཀའ་ཁྱབ་བརྒྱུད་སྒྲོག་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་སེམས་གཏམ་ཁྱབ་བསྒྲགས་བྱས་ཤིང་། ལྷག་བསམ་རྣམ་དག་གིས་མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཟིན་ཐོར་བཀོད་པ་དང་། བོད་འབྲེལ་ས་ཁུལ་གྱི་འགྱུར་ལྡོག་མངོན་མཚོན་བྱས་ལ། རིགས་སོ་སོའི་མི་དམངས་ཀྱིས་དཀའ་སྤྱད་མདུན་སྐྱོད་བྱེད་པའི་བརྩོན་སེམས་ལ་བསྔགས་བརྗོད་བྱས་ནས། མང་ཚོགས་ཀྱི་ལྟ་འདོད་ཅིང་ཉན་སྤྲོ་བའི་ཕུལ་བྱུང་ལེ་ཚན་སྐོར་ཞིག་བསྒྲུབས་པ་དང་། མི་རིགས་སོ་སོས་འགྲོ་འོང་བརྗེ་རེས་མཉམ་འདྲེས་བྱེད་པ་དང་མི་རིགས་སོ་སོ་མཉམ་དུ་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། ཨ་མདོ་བརྙན་འཕྲིན་གྱིས་ཐོག་མཐའ་བར་གསུམ་དུ་གཟབ་ནན་བྱེད་པ་དང་མུ་མཐུད་མདུན་སྐྱོད་བྱེད་པ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་དང་གླེང་ཕྱོགས་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ། ཏང་གི་གཏམ་རྒྱུད་བཟང་བོར་བཤད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བོད་འབྲེལ་ས་ཁུལ་གྱི་ཐུགས་ཁུར་གཟིགས་སྐྱོང་མང་ཚོགས་ཀྱི་ཁྱིམ་དུ་སྐྱེལ་བ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་ལན་བསམ་པ། ཏང་གི་རྗེས་སུ་འབྲངས་པར་བསླབ་བྱ་གཏོང་བ་དང་སྣེ་ཁྲིད་བྱེད་དགོས། བོད་འབྲེལ་ས་ཁུལ་གྱི་དྲིལ་སྒྲོག་སློབ་གསོའི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཐད་ཀྱི་དྲིལ་སྒྲོག་དང་གླེང་ཕྱོགས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ། མཚོ་སྔོན་དང་ལྷག་པར་དུ་བོད་འབྲེལ་ས་ཁུལ་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་མང་ཚོགས་ཀྱི་བདེ་སྐྱིད་འཆམ་མཐུན་གྱི་བདེ་སྐྱིད་འཚོ་བ་དྲིལ་སྒྲོག་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བརྒྱུད་སྒྲོག་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས། ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་འཕྲོད་མཐུན་ཡོང་བར་བྱེད་པ་དང་། བཅོས་སྒྱུར་གསར་གཏོད་བྱེད་ཤུགས་ཆེར་གཏོང་བ། སྨྱན་བྱད་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་ལྟ་འདོད་ཅིང་ཉན་སྤྲོ་བའི་ལེ་ཚན་སྔར་ལས་མང་པོ་སྒྲུབ་པ། བོད་འབྲེལ་གྱི་གླེང་ཕྱོགས་དྲིལ་སྒྲོག་གི་བརྒྱུད་སྒྲོག་ནུས་པ་དང་ཤན་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་གཏོང་བ། ཨ་མདོ་བརྙན་འཕྲིན་དེ་ཏང་གི་བཀའ་རྒྱ་ཁྱབ་བསྒྲགས་བྱེད་པ་དང་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་གྱི་སྣང་བརྙན་ངོམ་པའི་ཁྱད་ལྡན་མཉམ་འདྲེས་སྨྱན་སྦྱོར་གྱི་དྲིལ་སྒྲོག་སྟེགས་བུ་རུ་འཛུགས་སྐྲུན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་བསམ་བློའི་འགན་སྲུང་བརྟན་པོ་དང་བསམ་པའི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གཏོང་མགོ་ཚུགས་ནས་ལོ་བཞི་བཅུ་འཁོར་བ་གོ་སྐབས་སུ་བརྩི་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་རེ་རེའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། དུས་རབས་ཀྱི་འགྲོས་དང་བསྟུན་པ་རྒྱུན་འཁྱོངས་བྱེད་པ། ཁག་ཁུར་དངོས་གཉེར་དང་ཧུར་བརྩོན་འབད་འཐབ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་པ་སྔར་ལས་ཆེན་པོ་འཇོག་དགོས། ཏང་གཤིས་ཀྱི་རྩ་དོན་ལག་བསྟར་བྱས་ཏེ། ཏང་གི་སྨྱན་བྱད་ཀྱི་རུས་ཏང་ཡིན་པ་རྒྱུན་འཁྱོངས་བྱེད་པའི་ཁྲོད་ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱེད་དགོས། འགན་འཁྲི་ལས་འགན་ཕྲག་ཏུ་བླངས་ནས། དྲང་ཕྱོགས་ཀྱི་དྲིལ་སྒྲོག་ལ་ཤུགས་སྣོན་པའི་ཁྲོད་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས། གསར་གཏོད་མཉམ་བསྲེས་བྱེད་པར་དོ་སྣང་བྱས་ཏེ། ཁྱད་ལྡན་སྨྱན་བྱད་སྟེགས་བུ་འཛུགས་སྐྲུན་བྱེད་པའི་ཁྲོད་གྲུབ་འབྲས་མངོན་པར་བྱེད་དགོས། ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་ཤུགས་བསྣན་ནས་སྟོབས་དང་ལྡན་པའི་གསར་འགྱུར་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་ཁྲོད་སྣང་བརྙན་ངོམ་དགོས། ལས་བྱེད་པས་བྱ་བ་སྒྲུབ་པ་དང་རིགས་ལམ་གསལ་པ། རང་གཅུན་ནན་མོ་བཅས་བྱེད་དགོས་པའི་དབྱངས་རྟ་མཐོན་པོ་བཀོལ་ནས། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བྱེད་པ། མཚོ་སྔོན་དར་རྒྱས་གཏོང་བའི་མདུན་སྐྱོད་ཀྱི་གླུ་དབྱངས་ལེན་པ་དང་། བོད་འབྲེལ་གསར་འགྱུར་གྱི་གླེང་ཕྱོགས་བྱ་བའི་རྣམ་པ་གསར་པ་བསྐྲུན་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས།

ཚོགས་ཐོག་ཏུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཐུན་མོང་གི་གཟེངས་རྟགས་དང་དཔང་ཡིག་གནང་བ་དང་། ཨ་མདོ་བརྙན་འཕྲིན་གཏོང་མགོ་ཚུགས་པའི་ལོ་ངོ་བཞི་བཅུའི་རིང་གི་བྱ་བའི་ཁྲོད་བྱས་རྗེས་བཞག་པའི་བློ་མཐུན་དག་ལ་དཔང་ཡིག་གནང་། ན་གཞོན་ལས་བཟོ་པ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བཟོ་པ། ལྟ་མཁན་གྱི་འཐུས་ཚབ་བཅས་ཀྱིས་གཏམ་བཤད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号