ཁོ་ཚོས་ཅི་ཞིག་བརྗོད་ཀྱིན་འདུག
                    ——ཡང་ན་ཀླུ་མང་བྲག་བརྐོས་ཀྱི་དྲན་འཆར།
གླིང་ཚ་སྙིང་འབུམ་རྒྱལ།


དུས་ཚོད་ནི་རྒྱང་རིང་མཚོན་བྱེད་ཀྱི་ཐ་སྙད་ཅིག་ཡིན་པ་འདྲ།
དུས་ཚོད་ནི་གནའ་སྔ་མོར་བཏགས་པའི་ཐག་པ་ཞིག་ཡིན་པ་འདྲ།

རྡོ་བའི་ཚོགས་ལ་སྨྲ་བརྗོད་ཅི་ཡང་མེད་པར།
སྔར་བཞིན་རྣ་བ་ཀེ་རེར།
ལྷུང་ལྷུང་གིས་འབབ་པའི་ཆུ་བོར་ཉན།
བྲང་ཁོག་ཏུ་བཅུག་པའི་ལོ་ཟླའི་ནང་།
གཡག་དང་འབྲི་རུ་མ་བཏུལ་བའི་འབྲོང་ཕོ་མོ་རྩྭ་ལ་ཡན་ཞིང་།
ཤ་རྐྱང་དང་རྔ་མོང་ཡང་།
དལ་ལྷོད་ལྷོད་ཀྱིས་མ་འོངས་པར་སྙེག་གིན་འདུག

རླུང་བུ་གཡུག་ཐེངས་ཤིག་གིས།
རྒྱང་རིང་གི་རེ་འདུན་དང་།
རྒས་འཁོགས་ཀྱི་དུས་ཚོད་མཐའ་དག
སྲ་ཞིང་མཁྲེགས་པའི་ཕ་བོང་གི་ངོས་སུ་བབས།
གནའ་མིའི་གཟོང་དང་ཞེ་སྡང་ཆེ་བའི་སྐད་འགྲགས།
ཀླུ་མང་གི་ཆུ་བོར་འདྲེས་ནས་རྒྱང་དུ་འཁྱེར།
ལྐོག་གྱུར་གྱི་བེམ་གཟུགས་ཁོ་ནས།
འཚོ་གནས་ལ་བདེན་དཔང་བྱེད།

རྔོན་པའི་དཀའ་སྤྱད་ཀྱི་ཉིན་མཚན་རེས་སུ་འཁོར་ཏེ།
འཐབ་རྩོད་དང་འཁྲུག་ལོང་དྲག་ཏུ་བརྒལ།
མི་དང་སྲོག་ཆགས་དབྱེར་མེད་པའི།
ཤེས་རབ་ཀྱི་མཚན་མ་དང་ཐབས་ཀྱི་ལོག་སྤྱོད་སོགས།
འཚོ་གནས་ཀྱི་རབ་ཁ་ནས་རྒྱུན་ལྡན་དུ་གྱུར།

མདའ་དང་འཕང་གི་རྣམ་དཔྱོད་ལ་བརྟེན་ནས།
རྟ་རྐྱང་དབྱེ་བའི་བྱུང་རབས་དང་།
སྔོན་མོ་ནས་ཀྱི་འཁྲུངས་རབས་སོགས།
ཀླུ་མང་དང་ཀླུ་མང་ལྟ་བུའི།
ཆུ་འགྲམ་དང་སྤང་ཁུད་ནས་འཚར།

རི་དྭགས་རྒྱང་ལ་བྱེར་སོང་།
དུས་ཚོད་ཀྱང་རྒྱང་དུ་ཡལ་སོང་།
ཕ་བོང་གིས་ལོ་རྒྱུས་ཀྱི་ཀླུ་མང་བསྲུངས་ཏེ།
སྦྲ་མཐིང་སྨུག་ཅན་གྱི་གཏམ་རྒྱུད་བརྗོད་ཀྱིན་འདུག

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号