ཡིད་གདུང་།

མར་བཟའ་བློ་སྒྲོལ།‍‍‍‍‍‍‍‍‍‍‍

སྙིང་ཉེ།
ཞེ་ཡི་མེ་ཏོག་མ་གས་གོང་ལ།
འདབ་མ་རེ་རེར་རབ་ཏུ་སྐྱོ་བའི་སྒྲུང་འབྲི་བ་དང་།
སྒྲུང་ནང་དུ་སྲོག་ཆགས་དག་རང་ཤི་བརྒྱབ་པའི་ཚུལ་འབྲི་བ་ལས།
མེད་མུག་གི་མྱ་ངམ་ཐང་ལ་བརྩེ་དུང་གི་ཞོགས་པ་དང་།
མ་འོངས་པའི་རྨི་ལམ་གྱི་ཁ་དོག་མི་བྲི་དོན་ཅི།

ཁང་བ་འཁྱག་པ་དེའི་ནང་གི་ཆོ་ངེ་འཇགས་ཀྱང་།
ཞེ་ཆགས་པའི་ཡིག་ཆུང་དག་རླན་ཞིང་གཤེར་བར་གྱུར་པས།
ཕྱིར་བལྟས་དང་འཁྲེང་ཞེན་ལ་འབབ་སོ་མེད་ན་ཡང་།
ལག་པ་འཁྱག་པ་གཉིས་ཀྱིས་སེམས་པ་བསྲོས་ཏེ།
སྙིང་ཉེ་གང་དེར་སེམས་འཁྲལ་མེད་པ་གནང་རོགས།

འཚོ་བ་ལ་གོ་རིམ་མེད་པའི་སྐྱོ་ཡུས་མི་གླེང་རོགས།
གདོང་གི་སྐྱོ་ཤས་དང་སེམས་རྩ་མཉོམ་པོ་དེ་ལ་སྣང་འཇོག་མི་བྱ་རོགས།
ཞེ་འཁྱག་པའི་ལོ་རབས་མི་གླེང་རོགས།
དུག་ཕོགས་པའི་ཁ་པར་ལས་རོལ་མོ་འཁྱག་པ་ཞིག་ཐོངས་དང་།
སྐྱིད་སྡུག་གི་ལན་པ་རེ་ལ་མགོ་བོ་ཡར་བཀྱག་ཡོང་།


«ཡིད་གདུང་།»གི་རྒྱབ་ན།

འཆི་མེད།


སྙན་ངག་མཁན་པོ་ཉི་དབང་མགོན་པོ་མཆོག་གིས། ཁྱོད་ཀྱིས་ངའི་ཕྱི་ཚུལ་ཁོ་ན་སྤྱད་དེ་ང་ལ་མ་བལྟ་གསུངས།
དེ་བས་ངས་ཀྱང་མིའི་ཕྱི་ཚུལ་ལས་འདས་ཏེ་ནང་སེམས་ཀྱི་རི་མོར་འཇུག་པའི་གོ་རིམ་ལ་རིང་མོ་ནས་ཡང་ཡང་གོམས་པར་བྱས། གོམས་པ་དེས་བོད་ཀྱི་རྩོམ་པ་མོ་དག་གི་བརྩམས་ཆོས་ཁྲོད་ནས་ཀྱང་ཕྱི་ཚུལ་ལས་གཞན་ཞིག་ཨེ་རྙེད་ཀྱི་རེ་བ་བཅངས། ཡུན་རིང་ལ་བལྟས། ད་ཐེངས་ཀྱང་མར་བཟའ་བློ་སྒྲོལ་ལགས་ཀྱི་བརྩམས་ཆོས་ཁྲོད་ནས་ཕྱི་ཚུལ་ལས་འདས་པའི་མར་བཟའ་གཞན་ཞིག་ཨེ་རྙེད་བལྟས།
ང་ཚོ་མི་རེ་རེ་ནི་འཚོ་བའི་མེ་ལོང་རེ་རེ་ཡིན་པས། མེ་ལོང་དེའི་ནང་མིའི་རིགས་གསལ་དགོས་ཤེ་ན་ཐལ་དྲགས་སྲིད། ཡིན་ནའང་སོ་སོའི་སྐྱེ་ཁུངས་དང་མངའ་ཐང་། གཟི་བརྗིད། དར་རྒུད་སོགས་ནི་མི་རིགས་ཤིག་གི་ངོ་བོ་དང་འདས་སོང་མཐོང་བྱེད་དུ་བརྩིས་ཏེ། རང་གི་མི་ཚེ་རིས་སུ་ཕབ་མ་ཐུབ་ཀྱང་མི་ཚེ་དེ་འདྲ་ཞིག་གྲུབ་པའི་བདེན་པ་དང་། དེ་ལས་བྱུང་བའི་སྐྱེ་འཆི། ལས་འབྲས། བཀྲེས་སྐོམ་དང་གཉའ་གནོན། བརྙས་བཅོས་དང་ཤ་འཁོན། གོད་ཆག བསླུ་བྲིད་དང་སུན་གཙེར། ཤི་བྲལ་གསོན་བྲལ་སོགས་སྙིང་ལ་གཟན་པའི་ཟུར་བཞི་ལོགས་བརྒྱད་དེ་དག་རེ་རེ་ནས་རང་གི་སྨྱུ་གུ་སྤྱད་དེ་རང་གི་སྐད་ཆས་བྲི་ཐུབ་དགོས། དེ་ནི་ད་གཟོད་བརྩམས་ཆོས་ཀྱི་བླ་སྲོག་ཡིན། མེ་ལོང་ཡང་ཡིན། ཕྱི་ཚུལ་ལས་གཞན་ཞིག་མཐོང་རྒྱུ་ཡོད་མེད་ཀྱང་ངོ་། །
མར་བཟའ་ལགས་ནི་རང་གི་སྨྱུ་གུ་དང་རང་གི་སྐད་ཆས་སྤྱི་དང་བྱེ་བྲག་གི་བདེ་སྡུག་དང་དེས་བསྐྱེད་པའི་བསམ་འཁྱེར་ཡི་གེར་ཕབ་མཁན་གྲས་ཀྱི་ཡིན། དེ་བས་ངས་མར་བཟའ་ལགས་ཕྱི་ཚུལ་ནས་ཐེངས་གཅིག་ལས་མཐོང་མྱོང་མེད་ནའང་ཡིད་འཇོག་བྱས་ཏེ་ཡུན་རིང་ཕྱིན། ཕྱི་ཚུལ་ལས་གཞན་ཞིག་ཨེ་རྙེད་ཀྱི་རེ་བས་གང་འཚམ་འགོར།
       དེ་བས་དེ་རིང་འདི་ནས་མོའི་སྙན་ངག་ཡིད་གདུང་ཀློག་བཞིན་རང་ཉིད་ཀྱི་བསམ་པའི་ཁབ་མིག་ལས་མཐོང་པའི་མར་བཟའ་གཞན་དེའི་སྙིང་ཉེ་བའི་ངོ་གདོང་ལ་བཅར་ཚུལ་ཙམ་སྨྲའོ། །
“སྙིང་ཉེ།
ཞེ་ཡི་མེ་ཏོག་མ་གས་གོང་ལ།
འདབ་མ་རེ་རེར་རབ་ཏུ་སྐྱོ་བའི་སྒྲུང་འབྲི་བ་དང་།” ཁྱོད་ཀྱི་ཞེ་རུས་སྙིང་དུ་སྡུག་པ་ལ། ཁྱོད་ཀྱི་དྭངས་གཙང་རང་གི་མིག་ཆུས་བཀྲུས་པ་ཡིན་ལས་ཆེ།
“སྒྲུང་ནང་དུ་སྲོག་ཆགས་དག་རང་ཤི་བརྒྱབ་པའི་ཚུལ་འབྲི་བ་ལས།
མེད་མུག་གི་མྱ་ངམ་ཐང་ལ་བརྩེ་དུང་གི་ཞོགས་པ་དང་།
       མ་འོངས་པའི་རྨི་ལམ་གྱི་ཁ་དོག་མི་བྲི་དོན་ཅི།” སྲོག་ཆགས་དག་ཀྱང་རང་ཤི་རྒྱག་པའི་སྐབས་ཤིག་སླེབས་གྱུར་ན། མྱ་ངམ་ཐང་དང་མེད་མུག བརྩེ་དུངས་དང་རྨི་ལམ་སོགས་ནི་དངོས་གནས་རྨི་ལམ་ཐུན་གཅིག་དང་ཅིས་མི་མཚུངས། རྨི་ལམ་གྱི་རོལ་དབྱངས་ཀློང་ནས། ཁ་བའི་མེ་ཏོག་དང་མཐའ་མེད་པའི་བྱང་ཐང་རེ་རེ། སུ་ཞིག་གི་འཇུག་ངོགས་དང་ཡིད་གདུང་ཉིད། ད་དུང་རྨི་ལམ་དུ་མཐིང་མདོག་གི་མཚེའུ། བསིལ་རླུང་གིས་བྱིལ་བྱིལ་གཏོང་བའི་ནེམ་ལོ། ས་ནག་གི་བསུང་ངད་འཐུལ་བའི་ཞོགས་པ། ང་ཚོར་ཅི་ཡང་ཡོད། ཡིན་ཡང་སྐྱ་རེངས་མ་བསླེབས་གོང་ས་ས་མལ་དང་རྡོ་རྡོ་མལ་དུ་འགྱུར་འགྲོ་བས། ང་ཚོ་སྔར་བཞིན་མྱ་ངམ་ཐང་ན་ཡོད།
དེ་བས་རྨི་ལམ་ལ་ཁ་དོག་བསྒོ་ཐུབ་བམ། ཡང་ན་རྨི་ལམ་ལ་ཁ་དོག་ཙམ་བསྒོས་པས་ཅི་བྱ་ཨང་།
སྙན་ངག་མའི་ཚིག་དང་དོན་གྱི་མཐུད་མཚམས་རེ་རེ་ན་སྐྱེས་མའི་མཉེས་གཤིན་ལྟེམས་ལྟེམས་གཡོ་ཞིང་། བློས་བསླངས་དང་ཡུལ་དུས་ཀྱི་མཛེས་པ་དང་། མཛེས་པ་དེའི་ཨུ་ཚུགས་ཀྱི་ངོགས་སུ་ཡང་སྙིང་སྲ་ལ་མཁྲེགས་པའི་དཀར་སིང་སིང་གི་རུས་པའི་སྲོག་ཤིང་ཡོད། དེ་ནི་སྐྱེས་མའི་དཀྱེལ་ཡངས་དང་སྡུག་སྒོམ་ཡིན་ལ། དེ་ནི་སྐྱེས་མའི་མིག་དབང་གིས་མ་གཏོགས་མི་མཐོང་བའི་ཆ་དེ་ཡིན། དེ་ནི་སྐྱེས་མ་ཁོ་ནའི་གདོང་གི་མིག་ཆུ་ཡིན་ལ། སྐྱེས་མ་ཁོ་ནས་མྱང་དགོས་པའི་ནང་སེམས་ཀྱི་གཤིན་ཐང་ཡིན།
མི་ཡོད་ཚད་གཤིན་ཐང་ལ་ཐོན་པ་ཞིག་མ་ཡིན་ལ། མི་ཡོད་ཚད་དུར་སའི་རུས་སྒྲོམ་གྱི་ངུ་སྐད་ཐོས་མཁན་ཡང་ག་ལ་ཡིན། འོན་ཏེ། ངས་གཤིན་ཐང་ནས་ཐོས་པའི་ངུ་སྐད་ལ་ཉན་པའི་མར་བཟའ་དྲན་ཐེངས་རེ་རེར། མཚན་མོའི་གློག་སྒྲོན་ལ་རང་དབང་གི་འོད་མདངས་མི་གསལ་ཞིང་། ཟླ་བའི་ཁ་དོག་ཀྱང་དཀར་པོ་མིན་པར་སྣང་། དེ་ནི་མར་བཟའི་སྒེར་གཤིས་དང་རྩོམ་གཤིས་ཡིན་ནམ། དེ་ནི་ང་རང་སྙན་ངག་མ་མོ་རང་ལ་དགའ་བའི་རྒྱུ་མཚན་ཡིན་ནམ། ང་ལ་ཁ་བ་ལས་འཁྱག་པའི་བྲང་ཁོག་འདི་སུ་ཡིས་བྱིན། མར་བཟའ་ཨང་།
“ཁང་བ་འཁྱག་པ་དེའི་ནང་གི་ཆོ་ངེ་འཇགས་ཀྱང་།
ཞེ་ཆགས་པའི་ཡིག་ཆུང་དག་རླན་ཞིང་གཤེར་བར་གྱུར་པས།
ཕྱིར་བལྟས་དང་འཁྲེང་ཞེན་ལ་འབབ་སོ་མེད་ན་ཡང་།
ལག་པ་འཁྱག་པ་གཉིས་ཀྱིས་སེམས་པ་བསྲོས་ཏེ།
སྙིང་ཉེ་གང་དེར་སེམས་འཁྲལ་མེད་པ་གནང་རོགས།” ཁྱོད་ཀྱི་བརྩེ་བར་མཐའ་མེད་པས་ཁྱོད་ཀྱི་སེམས་ཁྲལ་ལའང་མཐའ་མེད། ཞེན་ཆགས་ཀྱི་ཡིག་ཆུང་རེ་རེ་བརླན་ཞིང་གཤེར་བ་ཕྱི་མིག་དང་འཁྲེང་ཞེན་ལ་འབབ་སོ་མེད་པ་ཤེས་པས་ཡིན་ནམ། ལག་པས་སེམས་པ་བསྲོ་དུས་རྨ་ཁ་མཐེབ་མོས་གནན་རྒྱུའང་མ་བརྗེད། རྨ་ཁའི་ཚ་གཟེར་ནི་རྨས་མ་མྱོང་པ་ཞིག་གིས་ག་ལ་ཤེས། དེ་བས་ངས་རྨ་ཁ་དང་ན་ཟུག་གླེང་མི་འདོད།
ཤེས་པ་མེད་པའི་མི་ལ་བརྩེ་བའང་མེད་དེ། ཤེས་པ་མེད་པའི་མཚན་གཞིར་བརྩེ་བ་མེད་པ་རུང་བས་ན། “ཁྱོད་ལ་བཟོད་སྒོམ་བྱེད་ཐབས་བྲལ་ཀྱང་། ངས་ཁྱོད་ལ་སྙིང་རིང་བྱེད་མི་སྲིད།”པའི་ཁྱོད་ཀྱི་བླ་མེད་ཁྲེལ་གཞུང་དང་གུ་ཡངས་ནི་ནམ་མཁའ་དང་ས་གཞི་ཉིད། ད་རུང་ཁྱོད་དང་ཁྱོད་ཀྱི་ཡི་གེ་ལས་ཐ་སྙད་ཀྱིས་མཚོན་མི་ཐུབ་པའི་བྲག་རི་དང་། རྩྭ་ཐང་། བར་དོ་ན་རྒྱུ་བའི་རྣམ་ཤེས། བཀྲེས་སྐོམ་གྱིས་གཟིར་པའི་ཡི་དྭགས། མནར་གཅོད་འོག་གི་ཀེམ་ཀེམ་གྱི་མིག་ཟུང་དེ་དག་ནི། ངས་མྱང་མི་ཕོད་པའི། བསྐྱུར་མི་ཕོད་པའི། …  …
“འཚོ་བ་ལ་གོ་རིམ་མེད་པའི་སྐྱོ་ཡུས་མི་གླེང་རོགས།
       གདོང་གི་སྐྱོ་ཤས་དང་སེམས་རྩ་མཉོམ་པོ་དེ་ལ་སྣང་འཇོག་མི་བྱ་རོགས།
ཞེ་འཁྱག་པའི་ལོ་རབས་མི་གླེང་རོགས།
དུག་ཕོགས་པའི་ཁ་པར་ལས་རོལ་མོ་འཁྱག་པ་ཞིག་ཐོངས་དང་།
སྐྱིད་སྡུག་གི་ལན་པ་རེ་ལ་མགོ་བོ་ཡར་བཀྱག་ཡོང་།” འདི་ལྟར་ཨུ་ཐུག་དུས་རང་སེམས་ནང་ལ་ཁུགས་དང་། སྐྱོ་ཡུས་ཀྱིས་ཅི་བྱ། མཆི་མ་ཁོག་ལ་མིད་དང་། སྐྱིད་སྡུག་གི་ལན་པ་རེ་ལ་མགོ་བོ་ཡར་འགྱོགས་པ་ནི་བདེ་བ་ཉི་ཚེ་བ་དེ་མ་ཡིན་ནམ། ཞེ་འཁྱག་པའི་ལོ་ཟླ་བག་ལ་ཉལ་དུ་ཆུགས། དར་འོག་ནའང་ཉ་མོ་འཁྱུག་པ་མ་ཡིན་ནམ། འཁྱག་རོམ་གྱིས་ཚེ་སྲོག་ཡོད་ཚད་ལ་རྫོགས་ཚིག་དགོད་ག་ལ་ཐུབ།
“ཁྱོད་ལ་གདམ་དུ་མི་བདོག་གི །གང་བྱུང་གྲོགས་སུ་ཁྱེར་ཅིག་ཨང་། །”ཚེ་སྲོག་གི་རྔམ་བརྗིད་འོག་གདེང་ལྡན་པའི་དཔའ་གཏམ་དང་བཅས་ང་ཚོའི་མེས་པོས་འདི་ལྟར་གདམས་པས། ཡིད་གདུང་གི་གས་སྲུབས་རེ་རེར་ནང་སེམས་ཀྱི་ལྷན་པ་གླན་ཐུབ་པར་ཡིད་ཆེས་བྱས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号