ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱི་བརྩམས་ཆོས་དཔྱད་གླེང་ཚོགས་འདུ་བསྡུས།
ཟླ10པའི་ཚེས19ཉིན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང《སྦྲང་ཆར》རྩོམ་སྒྲིག་ཁང་གིས་རྩོམ་པ་པོ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱི་བརྩམས་ཆོས་དཔྱད་གླེང་ཚོགས་འདུ་གནའ་མཁར་ཟི་ལིང་དུ་བསྡུས་ཤིང་། ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་དུ“མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཇེ་ཆེར་གཏོང་བའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་པོ་འདོན་པ་དང་། ཀུན་སྤྱོད་དང་སྒྱུ་རྩལ་གཉིས་བཟང་གི་རྩོམ་རིག་སྒྱུ་རྩལ་པ་དང་གཞི་ཁྱོན་ཆེ་བའི་རིག་གནས་སྒྱུ་རྩལ་གྱི་ཤེས་ལྡན་མི་སྣའི་དཔུང་སྡེ་གསོ་སྐྱོང་དང་སྐྱེད་སྲིང་བྱ་དགོས”ཞེས་གསུངས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མ་འོངས་པར་བོད་འབྲེལ་ས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར། རིག་གནས། སྐྱེ་ཁམས་ལ་སོགས་པའི་འཕེལ་རྒྱས་དང་འགྱུར་ལྡོག་མངོན་པར་མཚོན་པའི་སྒྱུ་རྩལ་བརྩམས་ཆོས་སྤུས་ལེགས་ཅན་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་བར་སྐུལ་སློང་བྱེད་པ་ཞིག་ཀྱང་ཡིན།
ཐེངས་འདིའི་དཔྱད་གླེང་ཚོགས་འདུ་རུ་དེང་རབས་བོད་ཀྱི་རྩོམ་རིག་གཤིན་ས་སྣུམ་པོའི་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་མཁན་གྱི་རྩོམ་པ་པོ་གྲགས་ཅན་དང་། རྩོམ་རིག་དཔྱད་བརྗོད་པ། སྙན་ངག་པ་བཅུ་ཕྲག་ལྷག་འདུས་ནས། ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱིས་ལོ་ངོ་སུམ་ཅུ་ལྷག་གི་རིང་རྔུལ་ཁྲག་ལས་བཏོན་པའི་བྱས་རྗེས་ལ་དཔྱད་བརྗོད་དང་གདེང་འཇོག་གནང་། ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱིས་རྩོམ་རིག་གསར་རྩོམ་གྱི་ལས་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱངས་ཏེ། སྔ་གཞུག་ཏུ་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ། དཔྱད་བརྗོད། འགྱུར་རྩོམ་སོགས་ཉིས་བརྒྱ་ལྷག་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་མིག་གི་དཔྱིད་དང་རྣ་བའི་བཅུད་དུ་སྦྱིན་པར། ལས་འཕྲོ་ཀུན་གྱིས་བསྔགས་པའི་མེ་ཏོག་གཏོར་ས་དང་དགའ་བའི་མིག་དཔེ་འཛིན་ས་རུ་གྱུར་ཡོད། ཁོས་བརྩམས་པའི་སྒྲུང་གཏམ་དེབ་ལ《སྟོན་གྱི་རང་སྒྲ》དང《བློ་མང་དོན་གྲུབ》《མར་མེ་ཚེ་འབར》སོགས་འདུག་ཅིང་། སྙན་དེབ་ལ《ཟླ་བ་ལྷ་མོ》ཡོད་པར་མ་ཟད། འགྱུར་རྩོམ་དེབ་ལ《ལོ་བརྒྱའི་ཁེར་རྐྱང》དང《དུས་རྒྱུན་གྱི་འཚོ་བ》《ཤེས་རབ་འཕེལ་བའི་བསྟན་བཅོས》《རྒྱལ་ཁབ་གསུམ་པོ་མཉམ་ལངས》བཅས་འདུག་པ་ཡིན། དེ་དག་ལས་བརྩམས་ཆོས་མི་ཉུང་བ་ཞིག་ལ་རྒྱལ་ཡོངས་སྐབས་བདུན་པའི་གྲངས་ཉུང་མི་རིགས་རྩོམ་རིག་རྟ་མཆོག་བྱ་དགའ་དང་། སྦྲང་ཆར་རྩོམ་རིག་བྱ་དགའ་བཅས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཟེངས་རྟགས་གང་མང་ཐོབ། ཁོས་བརྩམས་པའི་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ་སོགས་བརྩམས་ཆོས་གང་ཡིན་རུང་། མིང་ཚིག་བཀོལ་བ་གནད་དུ་ཁེལ་ཞིང་ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་པ། འཚོ་བར་ཐག་ཉེ་ཞིང་བྱུང་རིམ་ཁྱད་མཚར་ལྡན་ལ། མི་སྣའི་སྣང་བརྙན་སྒྲུབ་བཞེང་བྱས་པ་གསོན་ཉམས་དོད་པས། དུས་རབས་ཀྱི་མེ་ལོང་ཆེན་མོ་ཞིག་ཏུ་གྱུར་དང་འགྱུར་བཞིན་པ་དང་། ལྷག་པར་བརྩམས་ཆོས་སོ་སོའི་བརྗོད་བྱ་རྒྱ་ཆེ་ཞིང་བསམ་བློ་ཡིས་ཕྱུག་པར་མ་ཟད། གསར་རྩོམ་གྱི་གནས་སྐབས་སུ། དེང་གི་དུས་ན་རྒྱུགས་ཆེ་བའི་རྩོམ་ཐབས་སྣ་ཚོགས་སྤྱད་པར་བརྟེན། སྒྱུ་རྩལ་གྱིས་འདྲེན་ཤུགས་བླ་ན་མ་མཆིས་པ་འཛོམས་ཡོད།
ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ལ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རིན་ཟུར་པ་བསོད་ལོས་མགོ་འཛིན་བྱས་ཤིང་། ཚོགས་ཐོག་ཏུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། དེང་རབས་བོད་ཀྱི་རྩོམ་རིག་དཔྱད་བརྗོད་པ་བདུད་ལྷ་རྒྱལ་གྱིས《ཨ་ཁུ་རྣམ་རྒྱལ་དང་ཁོའི་རྣམ་རྒྱལ་ཚེ་ལོ》ཞེས་པར་དཔྱད་བརྗོད་གནང་བ་དང་། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོའམ་སྙན་ངག་པ་ལྷ་རྒྱལ་ཚེ་རིང་ལགས་ཀྱིས་སྙན་དེབ《ཟླ་བ་ལྷ་མོ》ལ་དཔྱད་བརྗོད་སྤེལ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པའམ་རྩོམ་རིག་དཔྱད་བརྗོད་པ། སྙན་ངག་པ་མཚོ་སྐྱེས་ཀྱིས《གངས་ལྗོངས། རྣམ་ཤེས་ཀྱི་འཇིག་རྟེན》ལ་དཔྱད་བརྗོད་གནང་བ་དང་། རྩོམ་རིག་དཔྱད་བརྗོད་པའམ་སྒྲུང་གཏམ་རྩོམ་པ་པོ་འབྲོང་བུ་རྡོ་རྗེ་རིན་ཆེན་གྱིས《ཨ་མ་དང་ཙིག་མ》ལ་དཔྱད་བརྗོད་གནང་། མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གི་རྩོམ་སྒྲིག་ཞུས་ཆེན་པའམ་རྩོམ་པ་པོ་རང་སྒྲས《སྤྱང་ཀི ལུག་རྫི་དང་ཁོའི་ཆུང་མ》ལ་དཔྱད་བརྗོད་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་རྩེ་ཁོག་རྫོང་བརྙན་འཕྲིན་ཁང་གི་མགོ་གཙོ་ཟུར་པའམ་སྙན་ངག་པ་ཀླུ་ཚང་སྨྱུག་རྩེན་གྱིས་སྒྲུང་རིང《མར་མེ་ཚེ་འབར》ལ་དཔྱད་བརྗོད་གནང་། དེ་མིན་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་རྩོམ་པ་པོ་དང་སྙན་ངག་པ། རྩོམ་རིག་དཔྱད་བརྗོད་པ་རྒན་མཛེས་སེ་དང་། གངས་ཞུན། རམས་ཚེ་བྷོ། འགར་སྐལ་བཟང་། སྨུག་པོ་སོགས་ཀྱིས་སྔ་གཞུག་ཏུ་ཁོའི་བརྩམས་ཆོས་གཞན་དག་ལའང་དཔྱད་འཇོག་གནང་བ་རེད།
མཇུག་མཐར་དཔྱད་གླེང་པ་རྣམས་ཀྱིས་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱིས་འདས་པའི་རྩོམ་རིག་བརྩམས་འབྲས་ལ་བསྔགས་བརྗོད་དང་མ་འོངས་རྩོམ་རིག་གསར་རྩོམ་ལ་སྐུལ་ལྕག་གནང་བ་འདིས་ཀྱང་། ཁོས་མུ་མཐུད་དུ་དངོས་ཡོད་འཚོ་བར་ཟབ་ཞུགས་གནང་སྟེ། སྔར་ལས་སྤུས་ཚད་མཐོ་ཞིང་། བསམ་བློའི་ཕྱུག་པ། རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་། སྒྱུ་རྩལ་གྱི་རིན་ཐང་མངོན་པར་མཐོ་བའི་དུས་རབས་གསར་པའི་རྩོམ་རིག་བརྩམས་ཆོས་སྤུས་ལེགས་ཅན་གང་མང་གསར་རྩོམ་བྱེད་ཐུབ་པའི་སྨོན་འདུན་ཡང་ཞུས་པ་ཡིན་ལགས།
ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ནི1967ལོར་མཚོ་སྔོན་ཁྲི་ཀ་རྫོང་སྐེ་བ་ས་ཆར་སྐྱེས། ཆུང་དུས་སུ་ཕ་ཡུལ་གྱི་དགའ་ལྡན་སློབ་ཆུང་དུ་ཞུགས། 1980ལོར་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་རྒྱུགས་འཕྲོད་དེ་སུམ་རྟགས་དག་གསུམ་དང་སྙན་ངག་སོགས་ལ་ཞིབ་ཏུ་སྦྱངས། 1986ལོར་བདེ་བླག་ངང་ནུབ་བྱང་མི་རིགས་སློབ་གླིང་གི་སྒོ་ཐེམ་འགྲིམས་ཤིང་། བོད་དང་རྒྱ་རིགས་ཀྱི་དགེ་རྒན་མཁས་པ་མང་པོ་བསྟེན་ནས་བོད་ཀྱི་ལོ་རྒྱུས་དང་གནའ་རྩོམ། སྐད་བརྡ་རིག་པ། རྩོམ་རིག་གཞུང་ལུགས། ནང་བསྟན་ཤེས་བྱ་བཅས་ལ་སྦྱང་བ་མི་དམན་པ་བྱས། 1990ལོར་སློབ་ཆེན་མཐར་ཕྱིན་རྗེས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་ལས་བགོ་བྱས་ཤིང་། 《སྦྲང་ཆར》རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་གཉེར་མགོ་བརྩམས། 2001ལོར《སྦྲང་ཆར》དུས་དེབ་ཀྱི་གཙོ་སྒྲིག་གཞོན་པར་བཞག་ཅིང་། 2003ལོར་མི་རིགས་རིག་རྩལ་རྩོམ་སྒྲིག་ཁང་གི་ཀྲུའུ་རིན་གཞོན་པར་བསྐོ་འཇོག་བྱས། དུས་དེབ་རྩོམ་སྒྲིག་གི་ཞར་ལ་དཔེ་དེབ་སྐོར་ཞིག་དང་དཔེ་ཚོགས་འགའ་རེའི་རྩོམ་སྒྲིག་གི་ལས་འབའ་ཞིག་གཟབ་ནན་དང་བརྩོན་པ་ཆེན་པོས་སྒྲུབ་ཙ་ན། 2010ལོར་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཧྲུའུ་ཡིས“རྒྱལ་ཡོངས་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་སྣེ་ཁྲིད་མི་སྣ”ཞེས་པའི་མཚན་སྙན་གནང་། 2012ལོར་ལས་ཁུངས་གཞུང་ནས《སྦྲང་ཆར》དུས་དེབ་ཀྱི་རྒྱུན་ལས་གཙོ་སྒྲིག་གཞོན་པའི་འགན་བསྩལ་པས། མུ་མཐུད་དུ་དུས་དེབ་དང་དཔེ་དེབ་ཀྱི་རྩོམ་སྒྲིག་ལས་ཀ་དོན་དུ་གཉེར། 2020ལོར་གོང་རིམ་རྩ་འཛུགས་ཀྱིས་ཁོ་རང་དོ་དོམ་ལས་རིགས་སུ་བཀོད་སྒྲིག་མཛད་དེ། ད་ལྟ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་གཞོན་པ་དང་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པའི་འགན་ཁུར་མུས་སུ་མཆིས་སོ།།
རྟེན་འབྲེལ་ཞུའོ། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注