ཨེ་ཤ་ཡའི་ཨང་དང་པོ། དཀར་མཛེས་ཀྱི་ཕོ་གསར།

སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་བསྟུན་ནས། ཝུའུ་ཙི་པིའེ་ཁེ་སི་ཐན་ས་མར་ཧན་གྱི་མཁའ་དབྱིངས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་འགྱུར་ཁུག་སྙན་མོ་གྲགས་ཡོད། དཀར་མཛེས་ཁུལ་གྱི་ཉིས་སྟོང་ལོའི་རྗེས་སུ་སྐྱེས་པའི་ཕོ་གཞོན་གྱིས་བཀྲག་མདངས་འཚེར་བའི་སྐར་ལྔའི་དར་དམར་རྒྱབ་ཏུ་གྱོན་ནས་གར་སྟེགས་ཐོག་གཟི་བརྗིད་ངང་འཛེགས་ཡོད།

ཟླ10པའི་ཚེས13ཉིན། 2024ལོའི་ཨེ་ཤ་ཡའི་གྲུ་འགྲན་ལེགས་སྐྱེས་འགྲན་སྡུར(གཤམ་དུ་ཨེ་ཤེ་ཡའི་ལེགས་སྐྱེས་འགྲན་སྡུར་ཞེས་བསྡུ་རྒྱུ)སྤེལ་རིང་། ཀྲུང་གོའི་རུ་ཁག་གི་ཚབ་བྱས་ནས་ཨེ་ཤ་ཡའི་ལེགས་སྐྱེས་འགྲན་སྡུར་གྱི་སྐྱེས་པ་མི་གཅིག་གི་གྲུ་ཁེམ་གཉིས་ཅན་གྱི་རྣམ་གྲངས་ནང་ཞུགས་པའི་དཀར་མཛེས་ཁུལ་གྱི་ལུས་རྩལ་པ་ཏེང་ཀྲི་ཝུའེ་ཡིས་ཨང་དང་པོའི་འབྲས་བཟང་བླངས་ཡོད། འདི་ནི་ཁོང་ཉིད་ལུས་རྩལ་ལས་རིགས་ནང་ཞུགས་ཚུན་ཐོབ་པའི་འཛམ་གླིང་རིམ་པའི་གྲུ་འགྲན་འགྲན་སྡུར་གྱི་ཨང་དང་པོ་དེ་ཡིན་པ་རེད།

ལོ20ལས་ཟིན་མེད་པའི་ཏེང་ཀྲི་ཝུའེ་ནི་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་གི་མི་ཡིན་ཞིང་། ལྡེམ་མྱུར་ཆེ་ལ་གྲུང་ཤ་དོད་པའི་ཁོང་ནི་ཆུང་དུས་ནས་ལུས་རྩལ་ལ་དགའ་པོ་ཡོད་པ་དང་། ལོ་ལྟར་སློབ་གྲྭས་སྒྲིག་འཛུགས་བྱས་པའི་ལུས་རྩལ་འགྲན་ཚོགས་ནང་ཧུར་ཐག་ངང་ཞུགས་ཀྱིན་ཡོད། 2018ལོར་ལོ14ལ་མ་སོན་པའི་ཏེང་ཀྲི་ཝུའེ་ཡིས་ཕུལ་དུ་བྱུང་བའི་ལུས་པོའི་བྱང་ཚད་ལ་བརྟེན་ནས་དཀར་མཛེས་ཁུལ་ལུས་རྩལ་ལྟེ་གནས་དང་དར་མདོའི་མི་རིགས་སློབ་འབྲིང་གིས་མཉམ་འབྲེལ་ཐོག་གཉེར་བའི་སྐབས་དང་པོའི་ལུས་རྩལ་དམིགས་བསལ་འཛིན་གྲྭར་ཞུགས་ཡོད།

སློབ་གྲྭའི་རྩལ་འཁྲིད་པའི་མཛུབ་ཁྲིད་འོག ཏེང་ཀྲི་ཝུའེ་ཡིས་ཕྱོགས་གཅིག་ནས་སྦྱོང་བརྡར་ནན་མོ་བྱེད་པ་དང་ཕྱོགས་གཞན་ཞིག་ནས་རང་ཉིད་ལ་འཚམ་པའི་ལུས་རྩལ་རྣམ་གྲངས་ཏེ་སྦེ་ག་དང་རྒྱང་རྒྱུག མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་འཕེན་དབྱུག་སོགས་རྒྱུན་ཆད་མེད་པར་སྦྱོང་བརྡར་ལན་མང་བྱས་ནས་ལོ་གསུམ་འགོར་བ་དང་། ཏེང་ཀྲི་ཝུའེ་ཡང་ན་གཞོན་ཆུང་ཆུང་ཞིག་ནས་གཟུགས་གཞི་ལེགས་པ་དང་བློ་རྩ་བརྟན་པ། ཕྱོགས་བསྡུས་བྱང་ཚད་མཐོ་བའི་ལུས་རྩལ་པ་ཞིག་ཏུ་གྱུར་ཡོད། འོན་ཀྱང་སྨི་གཉིས་ལ་ཉེ་བའི་གཟུགས་པོའི་རིང་ཚད་ཡོད་པས་ཁོང་གིས་རེ་ཞིག་རང་ཉིད་ཀྱི་ལེགས་ཆ་དང་ཧ་ཅང་མཐུན་པའི་ལུས་རྩལ་རྣམ་གྲངས་ཤིག་མ་རྙེད་པ་རེད།

རྩལ་ནུས་དང་བྱང་ཚད་མཐོ་བའི་ལུས་རྩལ་པའི་ལྷན་སྐྱེས་ཀྱི་རྒྱུ་བཟང་པོ་ཞིག་གིས་རང་ཉིད་ཀྱི་འཇོན་ཐང་ཆེ་ཤོས་འདོན་སྤེལ་བྱེད་མི་ཐུབ་པ་མཐོང་སྐབས། ཁོང་གི་རྩལ་འཁྲིད་དགེ་རྒན་ཤང་ཀྲེང་ཧྥེན་ཡང་སེམས་ཁྲལ་ཆེན་པོ་བྱས་ཡོད། ཁོང་གིས་ལོ་ཤས་རིང་ཏེང་ཀྲི་ཝུའེ་འཚར་ལོངས་མགྱོགས་པོ་བྱུང་བ་དང་གཟུགས་པོ་དང་རྐང་ལག་གི་རིང་ཚད་གཉིས་ཀ་འཕེན་དབྱུག་རྣམ་གྲངས་དང་འཚམ་པོ་དེ་ཙམ་མི་འདུག སྐབས་དེ་དུས་ངས་ལོ་ཤས་གོང་སློབ་མ་ཞིག་གི་གནས་ཚུལ་ཁོང་དང་འདྲ་པོ་ཡོད་པ་དྲན་བྱུང་། སློབ་མ་དེ་ཡང་ཕྱིས་སུ་ཆུ་ཐོག་ལུས་རྩལ་སྦྱོང་བར་བསྐྱོད་དེ་གྲུ་འགྲན་ལུས་རྩལ་པ་ཞིག་ཏུ་གྱུར་ཡོད་པ་བསམས་ཏེ་རྣམ་གྲངས་དེ་ཏེང་ཀྲི་ཝུའེ་ལ་འཚམ་པོ་ཡོད་སྲིད་སྙམ་ཞེས་བཤད། དེ་ནས་ཤང་ཀྲེང་ཧྥེན་གྱིས་ཏེང་ཀྲི་ཝུའེ་ཡི་ཁྱིམ་མི་དང་གྲོས་བསྡུར་བྱས་རྗེས་ཁོང་ཉིད་གྲུ་འགྲན་རྣམ་གྲངས་ལ་སློབ་སྦྱོང་བྱེད་པར་འོས་སྦྱོར་བྱ་རྒྱུའི་ཐག་བཅད།

2021ལོའི་ཟླ9པར། ཏེང་ཀྲི་ཝུའེ་སི་ཁྲོན་ཞིང་ཆེན་ཆུ་ཐོག་ལུས་རྩལ་སློབ་གྲྭའི་གྲུ་འགྲན་རྣམ་གྲངས་ཀྱི་ལུས་རྩལ་པ་ཞིག་ཏུ་གྱུར་པ་དང་། དུས་དེ་ནས་བཟུང་། ཁོང་དང་གྲུ་འགྲན་དབར་གྱི་འབྲལ་ཐབས་མེད་པའི་ལས་འབྲེལ་ཆགས་ཡོད།

གྲུ་འགྲན་དེ་མཆོང་རྒྱུག་འཕེན་གསུམ་གྱི་འཕེན་དབྱུག་རྣམ་གྲངས་དང་བསྡུར་ན། དེའི་སྦྱོང་བརྡར་ཀྱི་གཙོ་གནད་དང་ནང་དོན་མི་འདྲ་བ་དང་། སྦྱོང་བརྡར་གྱི་བླང་བྱ་དང་ཚད་གཞི་ཡང་ཧ་ཅང་མཐོན་པོ་ཡོད། དང་ཐོག་གོམས་ཀྱི་མི་འདུག དྲག་ཚད་ཧ་ཅང་མཐོ་བས་ཉིན་ལྟར་ལུས་པོ་ཡོངས་ལ་ན་ཟུག་དྲག་པོ་འདུག དེ་ནས་ཧ་ལམ་གཟའ་འཁོར་གཉིས་ཙམ་འགོར་རྗེས་གཞི་ནས་སྦྱོང་བརྡར་གྱི་གོམ་སྟབས་དང་དྲག་ཚད་རིམ་བཞིན་འཕྲོད་སོང་ཞེས་ཐོག་མར་གྲུ་འགྲན་སྦྱོང་བརྡར་ནང་ཞུགས་པའི་སྣང་ཚུལ་ཕྱིར་དྲན་བྱེད་སྐབས་ཏེང་ཀྲི་ཝུའེ་ཡིས་འདི་ལྟར་བཤད།

དེ་ནས་ཏེང་ཀྲི་ཝུའེ་ཡིས་ཉིན་ལྟར་ཆུ་ཚོད7ཡས་མས་སྤྱད་དེ་དཀའ་སྤྱད་སྙིང་རུས་ཆེན་པོས་ལག་རྩལ་ཤེས་བྱར་སློབ་སྦྱོང་དང་སྦྱོང་བརྡར་ཡང་ཡང་བྱས་པས། ལོ་གཅིག་ལྷག་ཙམ་གྱི་དུས་ཚོད་ནང་། ཁོང་གིས་རང་ཉིད་ཀྱི་ལྷན་སྐྱེས་ཀྱི་ནུས་པ་མངོན་པར་བྱས་ནས་ཆེད་ལས་ཀྱི་གྲུ་འགྲན་ལུས་རྩལ་པ་ཞིག་ཏུ་གྱུར་བ་རེད།

2022ལོའི་ཟླ11པར། ཁོ་རང་ཐེངས་དང་པོར་རྒྱལ་ཡོངས་ཀྱི་གྲུ་འགྲན་ལེགས་སྐྱེས་འགྲན་སྡུར་ལ་ཞུགས་པ་དང་། U19ཡི་མཉམ་བསྲེས་མི་བཞིའི་གྲུ་ཁེམ་གཉིས་ཅན་གྱི་རྣམ་གྲངས་ཁྲོད་ཨང་བཞི་པའི་འབྲས་བཟང་ཐོབ།

     2023ལོའི་ཟླ4པར། ཏེང་ཀྲི་ཝུའེ་དང་རུ་མི་ཚོས་སི་ཁྲོན་རུ་ཁག་གི་ཚབ་ཞུས་ནས2023ལོའི་རྒྱལ་ཡོངས་དཔྱིད་དུས་ཀྱི་གྲུ་འགྲན་ཨང་དང་པོའི་འགྲན་སྡུར་ནང་ཞུགས་པ་དང་། U23སྐྱེས་པ་བཞི་ཡི་གྲུ་ཁེམ་གཉིས་ཅན་གྱི་རྣམ་གྲངས་ཀྱི་ཨང་དང་པོ་བླངས་པ་དེ་ནི་ཁོའི་ལུས་རྩལ་ལས་རིགས་ཁྲོད་ཀྱི་གསེར་གྱི་རྟགས་མ་ཐོག་མ་དེ་ཡིན། དེ་ནས་བཟུང་། ཁོ་རང་མུ་མཐུད་ནས་རྒྱལ་ཡོངས་ཀྱི་གྲུ་འགྲན་འགྲན་སྡུར་མང་པོ་ཞིག་གི་ནང་ཞུགས་ནས་བྱ་དགའ་ཡང་ཐེངས་མང་པོ་བླངས་ཡོད།

ཐེངས་འདིའི་ཀྲུང་གོའི་རུ་ཁག་གི་ཚབ་བྱས་ནས་ཨེ་ཤ་ཡའི་ལེགས་སྐྱེས་འགྲན་སྡུར་གྱི་སྐྱེས་པ་མི་གཅིག་གི་གྲུ་ཁེམ་གཉིས་ཅན་ཀྱི་རྣམ་གྲངས་ལ་ཞུགས་པ་དང་གསེར་གྱི་རྟགས་མ་བླངས་པར། ཏེང་ཀྲི་ཝེ་ཡིས་ཀྲུང་གོའི་རུ་ཁག་གི་ཚབ་བྱས་ནས་ཆུ་ཚད་མཐོ་བའི་འགྲན་སྡུར་འདི་འདྲ་ཞིག་ལ་ཞུགས་ཐུབ་པ་ནི་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་རེད། འདི་ནས་རྩལ་ཁྲིད་རུ་ཁག་གིས་བློ་རྩེ་གཅིག་སྒྲིམ་གྱིས་གསོ་སྐྱོང་དང་རུ་མི་རྣམས་ཀྱི་ཕན་ཚུན་རོགས་རེས། དེ་བཞིན་ཁྱིམ་མི་དང་གྲོགས་པོ་རྣམས་ཀྱི་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུ་དགོས། ངས་བལྟས་ན་གཟི་བརྗིད་མཚན་སྙན་དེ་ང་རང་ཉིད་ཁོ་ནར་དབང་བ་ཙམ་མ་ཡིན་པར། དེ་བས་ཀྱང་ངའི་མེས་རྒྱལ་དང་ངའི་ཕ་ཡུལ། དེ་བཞིན་ང་ཚོའི་འགྲན་སྡུར་རུ་ཁག་ལ་དབང་བ་ཞིག་རེད། འདི་ལྟ་བུའི་འགྲན་སྡུར་རེ་རེ་ནི་ང་རང་མུ་མཐུད་མདུན་སྐྱོད་བྱེད་པའི་སྒུལ་ཤུགས་ལྟ་བུ་ཡིན་པས། སླད་ཕྱིན་ངས་སྔར་བས་འབད་བརྩོན་ཆེན་པོས་སྦྱོང་བརྡར་དང་འབད་འཐབ་བྱས་ཏེ། དེ་བས་ཆེ་བའི་རྒྱལ་སྤྱིའི་འགྲན་སྡུར་ཁྲོད་ཕུལ་བྱུང་གི་གྲུབ་འབྲས་བརྩོན་ལེན་ཧུར་ཐག་བྱས་ནས། མུ་མཐུད་མེས་རྒྱལ་གྱི་ཆེད་དུ་མཚན་སྙན་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

མཐོ་སྒང་ས་ཆ་ནས་འཚར་ལོངས་བྱུང་བའི་ཨེ་ཤ་ཡའི་ལེགས་སྐྱེས་འགྲན་སྡུར་གྱི་ཨང་དང་པོ་ཡིན་པའི་ཏེང་ཀྲི་ཝུའེ་ཡིས་གཞོན་ནུ་དེ་བས་མང་བ་ལུས་རྩལ་རྣམ་གྲངས་ནང་ཞུགས་པར་སྐུལ་ལྕག་གནང་བ་སྟེ། ཁོས་ངས་བལྟས་ན་ང་ཚོ་ཆུང་དུས་ནས་ས་མཐོར་འཚོ་བ་སྐྱེལ་གྱིན་ཡོད་པ་དང་། ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་གིས་སྙིང་དང་གློ་བའི་ནུས་པ། དབྱང་རླུང་ལྡན་པའི་ཐེག་ནུས་དང་ཁྲག་དམར་སྤྲི་དཀར་གྱི་ཆུ་ཚད་ཚང་མ་སྤྱིར་བཏང་གི་མི་ལས་བཟང་བ་ཡོད། དེ་བས་འབད་འཐབ་དང་འགྲན་སློང་བྱེད་ཕོད་ན། ལུས་རྩལ་ལ་དགའ་བའི་ཕྲུ་གུ་ཚང་མར་འགྲན་རའི་ནང་ཞུགས་པའི་གོ་སྐབས་ལྡན་པ་མ་ཟད། ཐ་ན་ཨང་དང་པོར་འགྱུར་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་ཅེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号