རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་དྲུག་པའི་བྱ་དགའ་སྟེར་བའི་མཛད་སྒོ་དང《མཚོ་སྔོན་བོད་ཡིག་གསར་འགྱུར》མཐོ་རིམ་སློབ་གྲྭར་སྐྱོད་པའི་བྱ་འགུལ་སྤེལ་བ།

2024ལོའི་ཟླ10པའི་ཚེས16ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་དྲུག་པའི་བྱ་དགའ་སྟེར་བའི་མཛད་སྒོ་དང《མཚོ་སྔོན་བོད་ཡིག་གསར་འགྱུར》མཐོ་རིམ་སློབ་གྲྭར་སྐྱོད་པའི་བྱ་འགུལ་དེ་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ་རུ་སྤེལ་ཞིང་། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་བན་དེ་ཚེ་རིང་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་མཚོ་སྔོན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་འགྱུར་མེད་རྡོ་རྗེ། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་ཧྲུའུ་ཅི་ཆན་མེན་རིན་སོགས་གཙོས་པའི་འབྲེལ་ཡོད་མགོ་ཁྲིད་དང་དཔྱད་འདེམ་པ། སྐུ་མགྲོན་སོགས་མི200ལྷག་མཛད་སྒོར་ཞུགས།

རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་དྲུག་པའི་རྩོམ་ཡིག་དཔྱད་འདེམ་གྱི་བླང་བྱ་ནི་བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན་ཟུང་དུ་འབྲེལ་ཞིང་། འདྲ་མཉམ་དང་དྲང་བདེན་སྲོག་ཏུ་འཛིན་པ་དེ་ཡིན་ལ། འགྲན་སྡུར་དུས་ཡུན་རྫོགས་རྗེས་རྩོམ་སྒྲིག་པ་དག་གིས་ཡང་ཡང་གྲོས་མོལ་བྱས་མཐར། རྩོམ་རིག་ལས་གནས་སུ་མིང་དུ་གྲགས་པའི་རྩོམ་པ་པོ་དང་དཔྱད་བརྗོད་པ། རྩོམ་སྒྲིག་པ། སློབ་གྲྭ་ཆེན་མོའི་དགེ་རྒན་སོགས་མི་བདུན་ཏེ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་བདུད་ལྷ་རྒྱལ་དང་། རྩོམ་པ་པོ་འབྲོང་བུ་རྡོ་རྗེ་རིན་ཆེན། 《སྦྲང་ཆར》རྩོམ་སྒྲིག་ཁང་གི་ཆོས་སྐྱོང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལྷ་བྱམས་རྒྱལ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཚེ་དཔལ་སྟོབས་ལྡན། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་དགེ་རྒན་དཔལ་ལྡན་རྒྱ་མཚོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་པད་མ་རྣམ་རྒྱལ་བཅས་ཀྱིས་གྲུབ་པའི་དཔྱད་འདེམ་ཚན་ཆུང་རྩ་འཛུགས་བྱས་ཤིང་།《མཚོ་སྔོན་བོད་ཡིག་གསར་འགྱུར》སྟེང་བཀོད་ཟིན་པའི་རྩོམ་ཡིག་རྣམས་དཔྱད་འདེམ་པ་བདུན་པོའི་ལག་ཏུ་བཞག་སྟེ་ཁོ་ཚོས་རང་རང་ས་ནས་ཞིབ་ཀློག་བྱས་པ་རེད།

2024ལོའི་ཟླ8པའི་ཚེས13ཉིན་དཔྱད་འདེམ་ཚོགས་པས་དྲང་པོ་དྲང་གཞག་སྒོས་དཔྱད་འདེམ་གནང་རྗེས་འགྲན་སྡུར་གྱི་ཨང་རིམ་གསལ་བསྒྲགས་བྱས། ཐེངས་འདིའི་བྱ་དགའ་ཨང་དང་པོ་ནི་ཚེ་རིང་བསམ་འགྲུབ་ཀྱི《ངང་སྒུག》དང་། ཨང་གཉིས་པ་ནི་དུར་སྲི་ཡི《གསང་བའི་སྒྲོམ་ཆུང་ནང་གི་མུ་ཏིག》དང་། བཙུན་ཐར་རྒྱལ་གྱི《དམར་རྒན》གཉིས་ཡིན་ལ། ཨང་གསུམ་པ་ནི་གཡུ་སྒྲོན་འཚོའི《སྨག་རུམ་ཁྲོད་ཀྱི་འབོད་པ》དང་ནམ་མཁའ་བཀྲ་ཤིས་ཀྱི《རླབས་ཀྱི་རྩེ་མོ》 གཅུང་བསྟན་བཟང་གི《ཆུ་ལྷམ》བཅས་ཡིན།

ད་ལོའི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ནི་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་དང་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས། ཞིན་ཧེ་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་རྒྱལ་ཡོངས་རང་བཞིན་གྱི་རྩོམ་རིག་འགྲན་སྡུར་ཞིག་ཡིན་ལ། ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་རྩོམ་ཡིག་སྤེལ་ཡུན་ནི2023ལོའི་ཟླ3པའི་ཚེས1ཉིན་ནས2024ལོའི་ཟླ6པའི་ཚེས30ཉིན་བར་ཏེ་བསྡོམས་པས་ལོ་གཅིག་དང་ཟླ་ངོ་དྲུག་ཡིན། སྐབས་ཐོག་ཏུ་བོད་ལྗོངས་ཉིན་རེའི་ཚགས་པར་དང་ཀྲུང་གོ་བོད་ཀྱི་དྲ་བ། ཁམས་པའི་དྲ་བ། མཚོ་སྔོན་བོད་ཡིག་གསར་འགྱུར། རྨ་ལྷོ་བོད་ཡིག་གསར་འགྱུར། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར་སོགས་བོད་ཀྱི་སྨྱན་སྦྱོར་ཆེ་ཁག་དང་། དེ་མིན་སྐད་འཕྲིན་དང་ཟིན་ཕྲན་སོགས་ཀྱི་བར་སྟོང་དུ་བརྒྱུད་སྐུར་བྱས་ཏེ་ཀུན་ལ་རྩོམ་ཡིག་འགྲན་སྡུར་སྤེལ་བའི་གནས་ཚུལ་ཞིབ་ཕྲ་དག་དུས་ལྟར་ཞུས། འདིའི་རིང་དུ་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ་སོགས་ཡུལ་གྲུ་སོ་སོ་ནས་སྒྲུང་ཐུང200ལྷག་འབྱོར་བྱུང་ལ། དེ་དག་རེ་རེ་བཞིན་རྩོམ་སྒྲིག་པས་ཞིབ་ཀྱིས་བཀླགས་ཤིང་ཞུས་ཐེངས་དང་པོ་དང་གཉིས་པ། མཐའ་ཞུས་སོགས་བརྒྱུད་དེ《མཚོ་སྔོན་བོད་ཡིག་གསར་འགྱུར》སྟེང་རྩོམ་ཡིག་འབྱོར་བའི་སྔ་གཞུག་ལྟར་བསྡོམས་པས་རྩོམ་ཡིག61སྤེལ།

ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་ལ་ཞིན་ཧེ་རྫོང་གི་སྦྱིན་བདག་ཆེན་མོ་སྐལ་བཟང་ཐུབ་བསྟན་ལགས་ཀྱིས་མ་དངུལ་གྱིས་རྒྱབ་སྐྱོར་ཆེན་པོ་གནང་ཞིང་། མཚོ་སྔོན་ཧྲན་ཡོན་ལམ་ཟམ་འཛུགས་སྐྲུན་ཚད་ཡོད་ཀུང་སིས་རོགས་སྒྲུབ་གནང་། བྱ་དགའ་ཐོབ་མཁན་ཨང་དང་པོ་ལ་དམངས་སྒོར10000དང་། ཨང་གཉིས་པ་ལ་སོ་སོར་དམངས་སྒོར8000རེ། ཨང་གསུམ་པར་སོ་སོར་དམངས་སྒོར6000རེ་བཅས་བྱིན།

བརྩམས་ཆོས་དེ་དག་གིས་རྩོམ་རིག་གི་ཕྱོགས་ནས་བོད་འབྲེལ་ས་ཁུལ་གྱི་མཛེས་སྡུག་ལྡན་པའི་འཚོ་བ་ཞིབ་འབྲི་བྱས་ཡོད་པ་མ་ཟད། ཕུན་སུམ་ཚོགས་པའི་མི་སྒེར་གྱི་བརྩེ་སེམས་དང་ཐུན་མོང་མ་ཡིན་པའི་མཛེས་རིག་གི་མཐོང་རྒྱར་བརྟེན་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྒྱལ་ཡོངས་དང་འབྲེལ་བ་ཡོད་པའི་བོད་འབྲེལ་ས་ཁུལ་ལ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས། གྲོང་གསེབ་དར་སྤེལ་སོགས་ཕྱོགས་གང་ཅིའི་ཐད་ནས་ཐོབ་པའི་གྲུབ་འབྲས་ཆེན་པོར་བསྟོད་བསྔགས་བྱས་ཡོད་དོ།། དེ་དང་ཆབས་ཅིག་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་གི་སློབ་མར་མཚོ་སྔོན་བོད་ཡིག་གསར་འགྱུར་སྟེང་ཆེད་དུ་རྩོམ་ཡིག་ཆེད་བསྒྲིགས་པར་ངོས་བཟོས་ནས་ཁོ་ཚོར་རྩོམ་རིག་གསར་རྩོམ་གྱི་ཞིང་ས་བསྐྲུན་ཞིང་ཚགས་པར་སྦྱིན་པར་མ་ཟད། སློབ་གྲོགས་ཉི་ཤུ་ལ་ཕུལ་བྱུང་དཔེ་ཀློག་པའི་དཔང་ཡིག་བསྩལ་ནས་མུ་མཐུད་དུ་གསར་རྩོམ་དང་དཔེ་ཀློག་གི་ལས་ལ་ཧུར་ཐག་གིས་འཇུག་པར་སྐུལ་ལྕག་གནང་།

བྱ་དགའ་ཨང་དང་པོ་ཐོབ་མཁན་ལ་བྱ་དགའ་སྤྲོད་བཞིན་པ།

བྱ་དགའ་ཨང་གཉིས་པ་ཐོབ་མཁན་ལ་བྱ་དགའ་སྤྲོད་བཞིན་པ།

བྱ་དགའ་ཨང་གསུམ་པ་ཐོབ་མཁན་ལ་བྱ་དགའ་སྤྲོད་བཞིན་པ།

ཚོགས་རའི་ཟུར་འགའ།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号