ཤུལ་ནོར་འཁྱུན་བུར་ཕུལ་བའི་ཁ་ཆེམས་ལ་ནུས་པ་ཐོན་ནམ།

གྱོད་དཔེ།

མགོན་པོ་དང་ཚེ་སྐྱིད་གཉིས་གཉེན་བསྒྲིགས་ནས་ལོ་ངོ་བཅུ་ལྷག་འགོར་རྗེས། མགོན་པོ་འཛེམ་བག་གང་ཡང་མེད་པར་སྒྲོལ་མ་དང་མཉམ་དུ་བསྡད། ཡིན་ཡང་སྐབས་དེར་ཆུང་མ་ཚེ་སྐྱིད་དང་གཉེན་འཐོར་མེད། དེ་ལྟར་ལོ་ངོ་བཞི་ཙམ་འགོར་རྗེས་མགོན་པོར་སྐྲན་ནད་བྱུང་ལ། འཁྱུན་བུ་སྒྲོལ་མས་ཁོ་དང་ཁ་མ་བྲལ་བར་མུ་མཐུད་དུ་མགོན་པོར་བདག་སྐྱོང་བྱས་པས། མགོན་པོར་སེམས་འགུལ་ཆེན་པོ་ཐེབས་ཤིང་། རང་གི་བློ་རིག་གསལ་པོ་ཡིན་པའི་སྐབས་དང་བསྟུན་ནས། མགོན་པོས་ཡིག་ངོས་ཀྱི་ཁ་ཆེམས་བཞག་པ་སྟེ། “ང་རང་ཚེ་ལས་འདས་རྗེས། ངའི་ཁང་པ་དང་སེམས་གསོའི་རོགས་དངུལ། གླ་ཕོགས་སོགས་མི་སྒེར་གྱི་རྒྱུ་ནོར་རྣམས‘གྲོགས་པོ་བཟང་པོ’སྒྲོལ་མ་ལ་ཕུལ་བ་ཡིན”ཞེས་བྲིས་འདུག མགོན་པོ་ཚེ་ལས་འདས་རྗེས། སྒྲོལ་མས་ཁ་ཆེམས་གཞིར་བཟུང་སྟེ་མགོན་པོའི་ཆུང་མ་ཚེ་སྐྱིད་ཀྱི་སར་ཤུལ་ནོར་ལེན་དུ་ཡོང་བ་ཚེ་སྐྱིད་ཀྱིས་ཁས་མ་བླངས་པས། མོས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ནས། ཚེ་སྐྱིད་ལ་ཁ་ཆེམས་ནང་བཞིན་ལག་བསྟར་བྱེད་དུ་འཇུག་དགོས་པའི་རེ་འདུན་བཏོན། སྒྲོལ་མའི་རེ་འདུན་དེར་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱེད་སྲིད་དམ།


གྱོད་དོན་དབྱེ་ཞིབ།

ཤུལ་སྦྱིན་ནི་རང་བྱུང་མིས་ཁ་ཆེམས་འཇོག་པའི་བྱེད་ཐབས་ལྟར། མི་སྒེར་གྱི་ཁྲིམས་མཐུན་རྒྱུ་ནོར་གྱི་ཆ་ཤས་སམ་ཡང་ན་ཡོངས་རྫོགས་རྒྱལ་ཁབ་དང་ཐུན་མོང་ངམ་ཡང་ན་ཁྲིམས་བཀོད་རྒྱུན་འཛིན་པ་ཕུད་པའི་མི་གཞན་ལ་ཕུལ་བར་མ་ཟད། རང་ཉིད་ཚེ་ལས་འདས་རྗེས་ནུས་པ་ཐོན་པའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ཅིག་ཡིན། ཁྲིམས་མཐུན་དང་ནུས་ལྡན་གྱི་ཁ་ཆེམས་ཡོད་པ་ནི་ཤུལ་སྦྱིན་ཚུགས་པའི་སྔོན་འགྲོའོ།

གྱོད་དོན་འདིའི་གནད་འགག་ནི་ཤུལ་སྦྱིན་བྱ་སྤྱོད་དེ་ཁྲིམས་མཐུན་དང་ནུས་ལྡན་ཡིན་མིན་ལ་ཐུག་ཡོད། ཤུལ་སྦྱིན་མཁན་མགོན་པོའི་ཁ་ཆེམས་ཀྱིས་ཉིད་ཀྱི་འདོད་བློ་ངོ་མ་བསྟན་ཡོད་ལ། རྣམ་པའི་ཐད་ནས་ཀྱང་ཁྲིམས་མཐུན་ཡིན། ཡིན་ཡང་དེའི་ནང་དོན་དང་དམིགས་ཡུལ་ཐད་ཁྲིམས་དང་འགལ་ས་འདུག་སྟེ། ཐོག་མར། ཁ་ཆེམས་འཇོག་མཁན་གྱིས་ཁ་ཆེམས་འཇོག་སྐབས་རང་གི་མི་སྒེར་གྱི་རྒྱུ་ནོར་མ་གཏོགས་བགོ་བཤའ་བརྒྱབ་མི་ཆོག མགོན་པོ་ཚེ་ལས་འདས་རྗེས་ཀྱི་སེམས་གསོའི་རོགས་དངུལ་ནི་ལས་ཁུངས་ཀྱིས་འདས་པོའི་ཁྱིམ་མིར་སེམས་གསོ་བྱེད་པར་བྱིན་པ་ཡིན་པས། མི་སྒེར་གྱི་རྒྱུ་ནོར་མིན་ལ། ཤུལ་སྦྱིན་དུ་ཕུལ་ཆོག་པའི་རྒྱུ་ནོར་དུའང་མི་གཏོགས། མགོན་པོའི་གླ་ཕོགས་ནི་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་དུ་གཏོགས་པས། ཁོ་རང་གཅིག་པུས་ཐག་བཅད་པ་དེས་ཆུང་མ་ཚེ་སྐྱིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ཡོད་པས། ཁོའི་ཤུལ་སྦྱིན་དེ་ནུས་མེད་ཡིན། དེ་མ་ཟད། མགོན་པོར་གཉེན་སྒྲིག་གི་འབྲེལ་བ་ཡོད་སྐབས་སྒྲོལ་མ་དང་མཉམ་དུ་བསྡད་པ་དེ། “བཟའ་ཚང་ཡོད་མཁན་མི་གཞན་དང་མཉམ་དུ་འདུག་པ་གཏན་འགོག་བྱེད་པ”དང“བཟའ་ཚང་གཉིས་ཀ་ཕན་ཚུན་ལ་བློ་དཀར་དགོས་པ་དང་། ཕན་ཚུན་ལ་བརྩི་བཀུར་བྱེད་དགོས་པ”སོགས་ཀྱི་གཏན་འབེབས་དང་ཡང་འགལ་ཡོད་པས། ཁྲིམས་འགལ་ཀྱི་བྱ་སྤྱོད་ཅིག་ཡིན། ཁྲིམས་འགལ་གྱི་བྱ་སྤྱོད་འདི་རིགས་ཀྱི་རྨང་གཞིའི་སྟེང་བྱུང་བའི་ཤུལ་སྦྱིན་ནི་སྤྱི་ལུགས་སྲོལ་བཟང་དང་འགལ་ཡོད་ལ། སྤྱི་ཚོགས་ཀྱི་སྤྱི་སྲོལ་ལ་གནོད་སྐྱོན་བཟོས་ཡོད་པས། དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ནུས་མེད་དུ་གཏོགས་པ་ཡིན། དེ་ལྟར་ན། གྱོད་དོན་འདིའི་ཁ་ཆེམས་ནི་སྤྱི་ལུགས་སྲོལ་བཟང་དང་འགལ་ཡོད་པའི་རྐྱེན་གྱིས་ནུས་མེད་དུ་གཏོགས་པ་རེད།


འབྲེལ་ཡོད་ཁྲིམས་ཚན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན8པ། དམངས་དོན་བྱེད་པོ་དམངས་དོན་བྱེད་སྒོའི་ནང་ཞུགས་ན་བཅའ་ཁྲིམས་དང་འགལ་མི་ཆོག་ལ། སྤྱི་ལུགས་སྲོལ་བཟང་དང་ཡང་འགལ་མི་ཆོག

དོན་ཚན153པའི་ཁོད་ཚན2པ། སྤྱི་ལུགས་སྲོལ་བཟང་དང་འགལ་བའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ནི་ནུས་མེད་ཡིན།


ཁྲིམས་ཚན་ཞིབ་འགྲེལ།

གོང་གི་ཁྲིམས་ཚན་དག་ནི་དམངས་དོན་ཁྲིམས་གཞུང་ལས་སྤྱི་ལུགས་སྲོལ་བཟང་གི་རྩ་དོན་དང་སྤྱི་ལུགས་སྲོལ་བཟང་དང་འགལ་བའི་བཅའ་ཁྲིམས་མཇུག་འབྲས་ཐད་ཀྱི་གཏན་འབེབས་རེད།

སྤྱི་ལུགས་སྲོལ་བཟང་ཞེས་པ་ནི་དམངས་དོན་བྱེད་སྒོ་མཐའ་དག་གིས་སྤྱི་པའི་སྒྲིག་ལམ་དང་ལུགས་སྲོལ་བཟང་པོ་བརྩི་སྲུང་བྱ་དགོས་པར་གོ་བ་ཡིན།

སྤྱི་པའི་སྒྲིག་ལམ་ལ་གཙོ་བོ་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་དང་འཚོ་བའི་སྒྲིག་ལམ་གཉིས་འདུ་ལ། སྤྱི་ཚོགས་སྟེང་གི་ཁོངས་མི་ཡོངས་རྫོགས་ཀྱི་སྤྱི་པའི་ཁེ་ཕན་མཚོན་ཡོད། སྤྱིར་བཏང་དུ། བཅའ་ཁྲིམས་ཀྱི་གཏན་འགོག་རང་བཞིན་གྱི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ཡོད་ཚད་སྤྱི་པའི་སྒྲིག་ལམ་དང་འགལ་ཡོད་དེ། དཔེར་ན་དམག་ཆས་ཉོ་འཚོང་བྱེད་པ་དང་། དུག་རྫས་ལྐོག་འདྲེན་བྱེད་པ། དངུལ་ལོར་རྫུན་བཟོ་བྱེད་པ་སོགས་ལྟ་བུ། ལུགས་སྲོལ་བཟང་པོ་ནི་སྤྱི་ཚོགས་སྟེང་བརྩི་འཇོག་བྱེད་པའི་མ་མཐའི་མི་ཆོས་བླང་བྱ་ཡིན་ཏེ། དཔེར་ན་སྲོག་སྐྱོབ་རྨ་གསོ་དང་བདེན་ལུགས་ཀྱི་རྒྱབ་ཏུ་ལངས་པ། ཁྱིམ་མིར་མནར་གཅོད་གཏོང་བ་གཏན་འགོག་བྱེད་པ། མི་ཆོས་དང་འགལ་བའི་བྱ་སྤྱོད་གཏན་འགོག་བྱེད་པ་སོགས།

སྤྱི་ལུགས་སྲོལ་བཟང་གི་རྩ་དོན་ནི་དམངས་དོན་ཁྲིམས་གཞུང་ལས་གཏན་འབེབས་བྱས་པའི་གཞི་རྩའི་རྩ་དོན་གྲས་ཀྱི་གཅིག་ཡིན་ལ། སྤྱི་ལུགས་སྲོལ་བཟང་དང་འགལ་བའི་བྱ་སྤྱོད་ཡོད་དགུ་ནུས་མེད་ཡིན། འཚོ་བའི་ཁྲོད་དུ། ཚབ་སྦྲུམ་གྲོས་དན་དང་འགན་གསོ་གྲོས་དན། གཉེན་ཕྱིའི་མཉམ་འདུག་ཆ་རྐྱེན་དུ་བཞག་པའི་ཤུལ་སྦྱིན་གྲོས་དན། མི་གསོད་བཅོལ་སྐུལ་གྲོས་དན། རྒྱན་འགྱེད་པ། “ལས་རྨས་ཡོངས་རྫོགས་ལ་འགན་མི་འཁུར་བའི”དོན་ཚན། ཕ་མ་དང་བུ་ཕྲུག་གི་འབྲེལ་བ་གཅོད་རྒྱུ་ཁ་ཆད་བྱས་པའི་གྲོས་དན་འཇོག་པ་སོགས་ཡོངས་རྫོགས་སྤྱི་ལུགས་སྲོལ་བཟང་དང་འགལ་བའི་བྱ་སྤྱོད་དུ་གཏོགས་པས། དེ་དག་ཚང་མ་ནུས་མེད་ཡིན། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号