རྐང་ཚ་ཡུལ་ཚོར་འཕྲུལ་རྟའི་དྲིལ་སྒྲོག་རུ་ཁག་ཅིག་ཡོད།


 ཉེ་ལམ། གསར་འགོད་པ་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་རྐང་ཚ་བོད་རིགས་ཡུལ་ཚོ་ཁ་སོ་སྡེ་བར་བཅར་འདྲིར་སོང་སྟེ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་རབ་བརྟན་གླེང་མ་ཐག   མང་ཚོགས་ཀྱིས་ཁོ་ལོ་ན་ཆུང་ཡང་རིག་པ་གསལ་ཞིང་། བྱ་བ་བསྒྲུབ་པར་སེམས་ཤུགས་ཆེན་པོ་ཡོད་པས། ཡུལ་མི་ཚོའི་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་རེད་ཅེས་བསྔགས་བརྗོད་བྱས།

ཁ་སོ་སྡེ་བ་ནི་རྐང་ཚ་ཡུལ་ཚོའི་ལྷོ་ནུབ་ཀྱི་ཕྱོགས་སུ་ཡོད་ལ། ཕྱུགས་ལས་ཁོ་ན་གཉེར་བའི་སྡེ་བ་ཞིག་ཡིན།  རྩྭ་སའི་རྒྱ་ཁྱོན་ལ་མུའུ་འབུམ་གཅིག་ཁྲི་གཉིས་ལྷག་ཡོད་ལ།  མཚོ་འཕང་སྨི3600ཡོད།

བཀྲ་ཤིས་རབ་བརྟན་ནི་ཁ་སོ་སྡེ་བའི་ལོ་རབས90རྗེས་ཀྱི་སློབ་ཆེན་ནས་མཐར་ཕྱིན་པའི་བོད་རིགས་ན་གཞོན་ཞིག་ཡིན་ལ། རླངས་འཁོར་ཞིག་གསོའི་ཆེད་ལས་ལག་རྩལ་ལ་བརྟེན་ནས། སློབ་མཐར་ཕྱིན་རྗེས་ཟི་ལིང་གི་རླངས་འཁོར་ཞིག་གསོ་བཟོ་གྲྭ་ཞིག་ཏུ་ལག་རྩལ་པ་བྱས། ཚོང་ཁ་བྲིན་པའི་དུས་ཚིགས་ལ་ཡོང་སྒོ་སྒོར་ཁྲི་ལྷག་ཡོད་ལ། ལོ་མང་པོའི་འབད་བརྩོན་བརྒྱུད་དེ། བཀྲ་ཤིས་རབ་བརྟན་ལ་ཟི་ལིང་གྲོང་ཁྱེར་གྱི་རླངས་འཁོར་ཞིག་གསོ་ལས་རིགས་ཁྲོད་མིང་གྲགས་ཅུང་ཟད་རྒྱས།

བཀྲ་ཤིས་རབ་བརྟན་གྱིས་བཤད་རྒྱུར།   ཕ་ཡུལ་གྱིས་ང་རང་གསོ་སྐྱོང་བྱས་པས། ང་ལ་ནུས་པ་ཅུང་ཙམ་ཡོད་ཚེ། ངས་ཕ་ཡུལ་གྱི་ལས་དོན་ལ་འབད་བརྩོན་བྱེད་ངེས་ཡིན།  ཕ་ཡུལ་ནི་མི་རེ་རེའི་སེམས་ཁོང་གི་ཞེ་ཆགས་ས་ཡིན་པས། ཕྱིར་ཕ་ཡུལ་ལ་ལོག་རྒྱུ་ནི་ཕྱི་འགྲིམས་པ་ཚང་མའི་ཐུན་མོང་གི་ཕུགས་འདུན་ཡིན།

2020ལོར།   བྱ་བའི་ཞོར་ལ། བཀྲ་ཤིས་རབ་བརྟན་གྱིས་ཁ་སོ་སྡེ་བའི་སྐོར་སྐྱོད་ཏང་གི་སློབ་གྲྭའི་ཏང་ཡོན་འབྲེལ་འདྲིས་གྲོགས་ཚོམས་སུ་ཆ་འཕྲིན་ཞིག་བསྐུར་བ་མཐོང་བས། ཕྱིར་ཕ་ཡུལ་ལ་ལོག་པའི་འདུན་པ་སྔར་ལས་ཇེ་བརྟན་དུ་གྱུར། འབྲོག་ཁུལ་ནས་ཐོན་པའི་སློབ་མ་ཞིག་ཡིན་པའི་ཆ་ནས་ཁོས་ཐོག་མའི་སེམས་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཡོད་ཅིང་། རང་གི་འབད་བརྩོན་གྱི་རྔུལ་ཆུ་འབྲོག་ཁུལ་ལ་གཏོར་བ་དང་། ལང་ཚོ་ཡི་སྟོབས་ཤུགས་ཕ་ཡུལ་ལ་འབུལ་འདོད་པའི་ཕུགས་བསམ་རུམ་ལ་བཅུག་ནས་ཕྱིར་ཁ་སོ་སྡེ་བར་ལོག

ཞུན་ཧྭ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཝུན་ཅ་ཡིས་བཤད་རྒྱུར།  “མི་འདེམས་པ་དང་བཀོལ་སྤྱོད་བྱེད་པའི་མཐོང་རྒྱ་བསྐྱེད་དེ།  རང་སྡེ་བའི་ནང་གི་ཕྱུག་འགྱུར་སྣེ་ཁྲིད་མི་སྣ་དང་། ཡུལ་ལ་ལོག་པའི་ཞོར་ལས་པ་དང་ཚོང་པ། སློབ་ཆེན་མཐར་ཕྱིན་སློབ་མ། དམག་ཁོངས་ནས་བུད་པའི་དམག་མི་སོགས་ཕུལ་བྱུང་འཇོན་མིའི་ཁྲོད་ནས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་འདེམས་པར་མཐོང་ཆེན་བྱས་པ་དང་། ཕུལ་བྱུང་འཇོན་མི་མང་པོ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཆུང་ནང་འདེམས་བསྐོ་བྱས།

སྡེ་བའི་ནང་དུ་བྱ་བ་སྒྲུབ་སྐབས། བཀྲ་ཤིས་རབ་བརྟན་གྱིས་འབད་བརྩོན་ལྷོད་མེད་བྱས་པས་ནུས་པ་འབུར་དུ་ཐོན་ལ། ཚོགས་པ་དང་རྩ་འཛུགས་ཀྱི་ཕུལ་བྱུང་འོས་སྦྱོར་བྱས་པ་བརྒྱུད། 2021ལོར་སྡེ་དམངས་འཐུས་མིས་འོས་སྦྱོར་འདེམས་བསྐོ་ལྟར་ཁ་སོ་སྡེ་བའི་ཨུ་ཡོན་ལ་བདམས།

བཀྲ་ཤིས་རབ་བརྟན་གྱིས་བཤད་རྒྱུར།  སྡེ་བའི་ལས་བྱེད་ཀྱི་འགན་ཁུར་བ་ན། གློ་བུར་དུ་རང་གི་ལས་འགན་ཧ་ཅང་ལྕི་བའི་ཚོར་བ་བྱུང་། ཡུལ་མི་ཚོའི་ཡིད་ཆེས་ལ་འགན་འཁུར་དགོས་ལ། རང་གི་ཐོག་མའི་སེམས་འདུན་ལ་ཡང་འགན་འཁུར་དགོས།

སྡེ་དམངས་ཐར་ཐོར་དུ་སྡོད་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བ། སྐོར་སྐྱོད་རང་བཞིན་ཆེ་བ། ཆ་འཕྲིན་གྱི་བཀག་རྒྱ་ཡོད་པ་སོགས་ཀྱི་དོན་དངོས་ལ་དམིགས་ཏེ།  བཀྲ་ཤིས་རབ་བརྟན་གཏན་སྡོད་བྱེད་སའི་འབྲོག་པའི་ཁྱིམ་ཚང་རེ་རེར་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། དུས་ཐོག་ཏུ་སྡེ་དམངས་ཀྱི་དྲན་ཕྱོགས་བསམ་ཕྱོགས་དང་རེ་ལྟོས་རེ་སྒུག་རྒྱུས་ལོན་བྱས། འབྲོག་དམངས་མང་པོར་ཏང་གི་བསམ་བློ་གསར་པ་དང་སྲིད་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་རྒྱུས་ལོན་ལེགས་པོ་བྱེད་དུ་འཇུག་ཆེད། བཀྲ་ཤིས་རབ་བརྟན་གྱིས་ཁྱིམ་དུ་སྡོད་པའི་ན་གཞོན་ཏང་ཡོན་དང་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་ཀྱི་ན་གཞོན་དང་བླངས་པ་སྐུལ་སློང་བྱས་ཏེ། འཕྲུལ་རྟའི་སྒྲོག་འགྲེལ་རུ་ཁག་སྟེ་འབྲོག་ཁུལ་གྱི་ཁྱད་ཆོས་དང་འཚམ་པའི“སྐོར་སྐྱོད་ཏང་གི་སློབ་གྲྭ”བཙུགས།

སྒྲོག་འགྲེལ་རུ་ཁག་ཐོག་མར་འཛུགས་དུས་འཕྲུལ་རྟ་མེད་ལ་རུ་མི་ཡང་མེད། གཞན་ད་དུང་མི་ཁ་སྣ་ཚོགས་ལའང་གདོང་གཏད་དགོས། ཡིན་ཡང་། ཁོ་ཚོས་རྒྱུན་བསྐྱངས་ཏེ། འཕྲུལ་རྟ་མེད་ན་གཞན་ལ་གཡར་བ་དང་། རུ་མི་མེད་ན་མང་ཚོགས་ལ་སྐུལ་སློང་བྱས། དེ་ལྟར། གཞུང་ལུགས་སྲིད་ཇུས་དྲིལ་སྒྲོག་དང་འབྲོག་དམངས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་ཐག་གཅོད་པ་གཉིས་གཞི་གཅིག་དུ་སྦྲེལ་བའི་འཕྲུལ་རྟའི་སྒྲོག་འགྲེལ་རུ་ཁག་ཅིག་བཙུགས་པ་རེད།

མང་ཚོགས་ཀྱིས་གླེང་བཞིན་པའི“སྐོར་སྐྱོད་ཏང་གི་སློབ་གྲྭ”ཡིས“ཁ་ཐོར་མང་ལ་གཅིག་འདུས་ཉུང་བ”སོགས་ཀྱི་བྱེད་ཐབས་སྤྱད་དེ། འབྲོག་དམངས་ཀྱི་རུ་གང་ལ་སྤར་ན་དམངས་ཕན་གྱི་སྲིད་ཇུས་དང་གཞུང་ལུགས་དྲིལ་སྒྲོག་གནས་དེར་ཐོན་པར་བྱས། འཕྲུལ་རྟའི་སྒྲོག་འགྲེལ་རུ་ཁག་གི་རུ་མིར་ད་དུང་དམངས་ཀྱི་གནས་ཚུལ་འགོད་པའི་ཟིན་བྲིས་དེབ་བཀོད་སྒྲིག་བྱས་ལ། སྤྱི་ཚོགས་གནས་ཚུལ་དང་དམངས་ཀྱི་འདུན་པ་རྒྱ་ཆེར་འཚོལ་བསྡུ་བྱས་པ་བརྒྱུད་དེ། དམངས་ཀྱི་སེམས་འདུན་ལ་ཉན་པ་དང་དམངས་ཀྱི་བསམ་འདུན་ལ་རྒྱུས་ལོན་བྱས་པས།   སྲིད་ཇུས་ཀྱི་ཁ་ཕྱོགས“མར་སྒྲོག་པ”དང་སྤྱི་ཚོགས་གནས་ཚུལ་དང་དམངས་ཀྱི་འདུན་པ“ཡར་སྤྲོད”པའི“སེམས་སྦྲེལ་ཟམ་པ”བཙུགས་པ་རེད།

ཕྱུགས་འཚོ་བཞིན་པའི་ཤ་བོ་ཚེ་རིང་གིས་འཕྲུལ་རྟའི་སྒྲོག་འགྲེལ་རུ་ཁག་མཐོང་བ་ན། བྲེལ་འཚུབ་ངང་རུ་མིའི་གམ་ལ་སོང་ནས་བཤད་རྒྱུར། “ཉིན་འགའི་སྔོན་ལ་ཕྱུགས་ཁང་རྡིབ་པས། ངེད་ཚང་གི་ལུག40ལྷག་བསད་ནས་སྐད་ཅིག་ཙམ་ལ་གྱོང་གུད་ཆེན་པོ་ཐེབས། སྟབས་ལེགས་པ་ཞིག་ལ། ན་ནིང་སྒྲོག་འགྲེལ་ལ་ཉན་རྗེས་ནོར་ལུག་གི་ཉེན་ཚབ་ཉོས་མོད། ཡིན་ཡང་།  ད་ལྟ་སྐྱིན་ཚབ་སྤྲོད་པའི་གོ་རིམ་མི་ཤེས་པས་སེམས་ཁྲལ་བྱེད་བཞིན་ཡོད།”

སྒྲོག་འགྲེལ་རུ་མིས་ཡུལ་དངོས་ནས་ཤ་བོ་ཚེ་རིང་གི་དོགས་གཞིར་ལན་བཏབ་པ་དང་། ཁོའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་བྱེ་བྲག་གི་གྲོས་གཞི་བཏོན་ནས་སེམས་ཁྲལ་ཆེ་བའི་དཀའ་ཁག་བསལ་བ་རེད།

བཀྲ་ཤིས་རབ་བརྟན་གྱིས་བཤད་རྒྱུར།   འཕྲུལ་རྟ་ནི་དེང་རབས་ཀྱི‘ལྕགས་ཀྱི་རྟ་ཕོ’ཡིན་ལ། འབྲོག་ཁུལ་གྱི་རྩྭ་ཐང་གི་ལམ་ཕྲན་བརྒྱུད་དེ་ཁྱིམ་ཚང་རེ་རེར་བོད་སྐད་ཀྱི་ལམ་ནས་སྲིད་ཇུས་སྒྲོག་འགྲེལ་བྱས་པས། གསར་གཏོད་ཀྱི་ཆ་ཆེན་པོ་ལྡན་པའི་ཚོར་བ་སྟེར། འབྲོག་པ་མང་ཚོགས་ཀྱིས་བག་ཆགས་རིམ་འགྱུར་ཁྲོད་དམངས་ཕན་ཤེས་བྱ་སོ་སོར་རྒྱུས་ལོན་གང་ལེགས་བྱས་པ་དང་། དུས་ནམ་ཡང་ཏང་གི་གསུང་སྐད་ལ་ཉན་ཐུབ་ཟེར།

2023ལོར། བཀྲ་ཤིས་རབ་བརྟན་ཡང་བསྐྱར་ཁ་སོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིར་བདམས། འཕྲུལ་རྟའི་སྒྲོག་འགྲེལ་རུ་ཁག་བཙུགས་པར་མ་ཟད། བཀྲ་ཤིས་རབ་བརྟན་གྱིས་རང་གི་ཞིག་གསོའི་ལག་རྩལ་སྡེ་བའི་ནང་གི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཐད་བཀོལ་བ་དང་། ཁ་སོ་སྡེ་བའི་དབྱར་སར་ལམ་མེད་པར་དམིགས་ནས། 2023ལོར་བཀྲ་ཤིས་རབ་བརྟན་གྱིས་གོང་རིམ་ལ་འབྲེལ་གཏུག་བྱས་ཏེ།  མ་དངུལ་སྒོར་འབུམ་བརྒྱད་བརྩོན་ལེན་བྱས་ནས་ལམ་གསར་པ་སྤྱི་ལེ4གསར་དུ་ལས་པ་དང་། ཁ་སོ་སྡེ་བའི་དབྱར་སར་འགྲོ་དཀའ་བའི་གནད་དོན་ཐག་བཅད། ཡུལ་ཚོ་ཏང་ཨུའི་མཐུན་སྦྱོར་འོག ལས་གཞིའི་མ་དངུལ་སྒོར་ས་ཡ་གསུམ་བརྩོན་ལེན་བྱས་ཏེ། སྨི1000ཅན་གྱི་ཚད་ལྡན་ཞོད་འགོག་ཆུ་རགས་གསར་དུ་ལས་པས། ཁ་སོ་སྡེ་བའི་ཆུ་ལོག་གི་ཉེན་ཁ་ཐག་བཅད། སྡེ་བའི་ནང་གི་འཐུང་ཆུའི་རྫིང་བུར་ཆུ་འཛག་པའི་གནད་དོན་ཐག་བཅད་པ་དང་། གངས་སྐྱོན་ཁྲོད་འབྲོག་པ་མང་ཚོགས་རྩ་འཛུགས་བྱས་ནས་གནོད་འགོག་ཕྱུགས་སྐྱོབ་བྱས།

དོན་དག་རེ་རེ་ཡིས་དམངས་སེམས་དྲོ་བར་བྱེད། དམངས་ལ་ཞབས་ཞུ་སྒྲུབ་སྐབས་བཀྲ་ཤིས་རབ་བརྟན་གྱིས་མང་ཚོགས་ལ་བཤད་པ་ཆེས་མང་བའི་སྐད་ཆ་ནི“ཤུ་རེ་བྱོས”ཞེས་པ་དེ་ཡིན་ལ། དེ་མ་ཟད། འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་སེམས་འདུན་མཚོན་པར་བྱས།

ཕུ་ཐུང་བརྫིས་ནས་ལས་ལ་འབད། ཏང་གི་རེ་བ་དང་མི་དམངས་ཀྱི་རེ་འདོད་རེ་རེ་བཞིན་སྒྲུབ་སྟེ། ཕན་འབྲས་མངོན་པར་བྱེད་ཅེས་བཀྲ་ཤིས་རབ་བརྟན་གྱིས་དེ་ལྟར་བཤད་ཅིང་། སྡེ་བའི་ནང་གི་རྨང་གཞིའི་སྒྲིག་ཆས་ཉིན་རེ་ནས་ཉིན་རེར་ཇེ་ལེགས་སུ་གྱུར་ན། ཡུལ་མི་རྣམས་ཀྱི་གདོང་གི་འཛུམ་མདངས་མཐོང་ལ། ཕ་ཡུལ་གྱི་རྣམ་པ་ཇེ་ཡག་ནས་ཇེ་ཡག་ཏུ་གྱུར་ན། རང་གི་འབད་བརྩོན་ཡོད་ཚད་ལ་རིན་ཐང་ཡོད་པར་འདོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号