བོད་རྒྱ་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་སྐབས་བདུན་པ་དང་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་སྐབས་དྲུག་པ་ལེགས་འགྲུབ་བྱུང་བ།

བོད་རྒྱ་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་སྐབས་བདུན་པ་དང་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་སྐབས་དྲུག་པ་སྤྱི་ཟླ༨པའི་ཚེས༡༡ནས༢༣བར་ནན་ཁའེ་སློབ་ཆེན་དུ་ལེགས་འགྲུབ་བྱུང་། ཐེངས་འདིའི་དབྱར་སྦྱོང་འཛིན་གྲྭ་དང་བགྲོ་གླེང་ཚོགས་འདུ་ནི་གཉན་རིམས་བྱུང་བའི་རྗེས་ནས་ཐེངས་དང་པོར་ཡུལ་དངོས་སུ་འཚོགས་པ་ཡིན།

བོད་རྒྱ་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་སྐབས་བདུན་པ(གཤམ་དུ་དབྱར་སྦྱོང་འཛིན་གྲྭ་ཞེས་འབོད་པར་བྱ)ནི་ལོ་གཉིས་ཅན་གྱི་སྦྱོང་བརྡར་སློབ་གཉེར་གྱི་ལས་གཞི་ཞིག་ཡིན་ལ། ལོ་གཅིག་ལ་སྐད་སྒྲ་དང་སྒྲ་ཁམས་རིག་པ་སྦྱོང་བརྡར་བྱེད་པ་དང་། ལོ་གཞན་དེར་བརྡ་སྤྲོད་སྦྱོང་བརྡར་བྱེད། འདི་ནི་ནན་ཁའེ་སློབ་ཆེན་རྩོམ་རིག་སློབ་གླིང་གི་འཛམ་གླིང་ནན་ཁའེ་ཞེས་པའི་རྒྱལ་སྤྱིའི་འཕེལ་རྒྱས་ཀྱི་ལས་གཞི་གལ་ཆེན་གྱི་གྲས་སུ་གཏོགས། ལས་གཞི་འདི་ད་བར་ཐེངས་བདུན་པར་སླེབས་ཡོད་ལ། རིག་གཞུང་སྡེ་ཁག་གི་དོ་སྣང་ཆེན་པོ་ཐོབ་བཞིན་ཡོད། དབྱར་སྦྱོང་འཛིན་གྲྭ་འདི་ཐེངས་རེར་བདུན་ཕྲག་གཉིས་རིང་འཚོགས་ཤིང་། སྦྱོང་བརྡར་གྱི་སྙིང་པོའི་སློབ་ཚན་དུ་རྒྱུན་སྟོང་ཉེན་ཆེ་བའི་སྐད་རྩ་ཆེན་སྨྲ་མཁན་འཛིན་གྲྭར་གདན་འདྲེན་ཞུས་ནས་ཡུལ་དངོས་རྟོག་དཔྱོད་ཀྱི་སློབ་ཚན་སློབ་ཁྲིད་བྱེད་པ་དང་ཆབས་ཅིག ཡོ་རོབ་དང་ཨ་རི། ཀྲུང་གོ་བཅས་ཀྱི་སྐད་བརྡ་རིག་པ་བ་རྩེ་གྲ་རྣམས་དང་བླངས་ཀྱིས་འཛིན་གྲྭའི་སློབ་དཔོན་དུ་བཞུགས་ནས། སྐད་བརྡ་རིག་པ་ལ་མོས་པ་ཡོད་པའི་གྲངས་ཉུང་མི་རིགས་སྐད་ཡིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་དང་། དངོས་གཞིའི་སློབ་མ་ཁ་ཤས། དེ་མིན་མི་རིགས་སྐད་ཡིག་ལ་ཞིབ་འཇུག་བྱེད་འདོད་ཡོད་པའི་མི་སྣ་གཞན་དག་དང་། སྒོས་སུ་ནུབ་རྒྱུད་ས་ཁུལ་ནས་ཡོང་བའི་གྲངས་ཉུང་མི་རིགས་ཀྱི་སྐད་སྨྲ་བའི་སློབ་མ་གསོ་སྐྱོང་བྱེད་པར་དམིགས་འཛུགས་བྱེད་ཀྱི་ཡོད། ཐེངས་རེའི་དབྱར་སྦྱོང་འཛིན་གྲྭ་དང་ཚད་མཐོའི་མཁས་པའི་བགྲོ་གླེང་སྦྲགས་མ་བྱས་ནས་སློབ་མ་རྣམས་ལ་ཟུར་ཉན་སློབ་སྦྱོང་གི་གོ་སྐབས་སྤྲོད་བཞིན་ཡོད་ལ། ཐེངས་འདིའི་དབྱར་སྦྱོང་འཛིན་གྲྭ་ནི་གཙོ་བོར་བརྡ་སྤྲོད་ཞིབ་འཇུག་གི་ཕྱོགས་ལ་དམིགས་ཡོད།

ད་ཐེངས་ཀྱི་དབྱར་སྦྱོང་འཛིན་གྲྭར་ཨ་རིའི་སི་མི་སོན་ནི་སློབ་ཚོགས་ཀྱི་སློབ་དཔོན་ཆེན་མོMary Sarah Linnདང་། ཨོ་རི་གྷོན་སློབ་ཆེན་གྱི་སློབ་དཔོན་གཞོན་པNathaniel Aaron Simsདང་། ཀྲུང་ཧྲན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཧྲའོ་མིང་ཡོན། དེ་བཞིན་ནན་ཁའེ་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཧྲི་ཞང་ཏུང་དང་། སློབ་དཔོན་ཆེན་མོ་ཡེ་ཤེས་འོད་གསལ་ཨ་ཚོགས། སློབ་དཔོན་ཆེན་མོ་ཞཱ་ཆོན་ཧྲེང་། འབུམ་རམས་པJesse P. Gatesདང་སྐད་བརྡ་རིག་པའི་འབུམ་རམས་སློབ་མ༦སོགས་རྒྱལ་ཁབ་ཕྱི་ནང་གི་སྐད་བརྡ་རིག་པའི་མཁས་དབང་དང་ན་གཞོན་མཁས་པ་མང་པོ་གདན་ཞུས་བྱས་ནས་དགེ་རྒན་དུ་བསྐོས་པ་དང་། དེ་དང་མཉམ་དུ་རྒྱུན་སྟོང་ལ་ཉེ་བའི་རྟའུ་སྐད་ཀྱི་ཕ་སྐད་སྨྲ་མཁན་ལྕམ་ཚེ་རིང་མཚོ་མོ་གདན་ཞུས་ཀྱིས་གཙོ་གནད་སློབ་ཚན་གྱི་སྐད་ཀྱི་དགེ་རྒན་གནང་རོགས་ཞུས་ཡོད། ད་ཐེངས་ཀྱི་དབྱར་སྦྱོང་འཛིན་གྲྭར་སློབ་ཚན་༡༡ཡོད་པ་དང་། ཁྱོན་བསྡོམས་སློབ་དུས༧༦ཡོད། གཙོ་གནད་སློབ་ཚན་ནི་རྟའུ་སྐད་ཀྱི་བརྡ་སྤྲོད་ཞིབ་འཇུག་ཡིན་ལ། སློབ་ཚན་གཞན་དག་གི་ཁོངས་སུ་རྣམ་འགྱུར་ཚིག་སྦྱོར་གྱི་བཀོད་འབྲི་དང་ཞིབ་འཇུག བོད་དང་ཆང་སྐད་ཀྱི་བརྡ་སྤྲོད་ཀྱི་དམིགས་བསལ་བརྗོད་གཞི། ཚིག་མཛོད་རྩོམ་སྒྲིག་དངFLExམཉེན་ཆས་བེད་སྤྱོད། བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་དང་དེང་རབས་སྐད་བརྡ་རིག་པ། བོད་སྐད་བརྡ་སྤྲོད་ཞིབ་འཇུག་འཕར་མ། སྐད་ཡིག་རིག་གནས་ཐོ་འགོད་དང་ཉར་ཚགས། སྐད་སྒྲ་རིག་པ་དང་ཚོད་ལྟའི་སྐད་བརྡ་རིག་པའི་སྤྱི་བཤད། དེ་བཞིན་སྐད་བརྡ་རིག་པའི་ཆེད་ལས་མ་ཡིན་པའི་སློབ་མར་དམིགས་པའི་སྐད་བརྡ་རིག་པའི་འཇུག་སྒོ་དང་། རྒྱལ་སྤྱིའི་སྒྲ་རྟགས་ཀྱི་དམིགས་བསལ་བརྗོད་གཞི་སོགས་ཀྱི་སློབ་ཚན་ཚུད་ཡོད། དེ་མིན་དབྱར་སྦྱོང་འཛིན་གྲྭའི་དགོང་དྲོའི་དུས་ཚོད་བེད་སྤྱད་ནས་རིག་གཞུང་བརྗེ་རེས་ཀྱི་བྱེད་སྒོ་འགའ་ཤས་སྤེལ་ཡོད་དེ། གཙོ་བོ་ནི་དབྱར་སྦྱོང་འཛིན་གྲྭའི་སློབ་མར་དམིགས་པའི་རིག་གཞུང་འཆད་ཁྲིད་ཐེངས་ལྔ་སྤེལ་ཅིང་དྲ་ཐོག་ཐད་གཏོང་བྱས་ཡོད། དེ་དག་ནི་རིམ་པ་བཞིན་སི་མི་སོན་ནི་སློབ་ཚོགས་ཀྱི་སློབ་དཔོན་ཆེན་མོMary Sarah Linnདང་། མ་རི་ལན་ཌི་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཀྲོའོ་མིང་ལང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་སློབ་དཔོན་ཆེན་མོ་ཧོང་ཁྲིན་ལུང་། དེ་བཞིན་ནན་ཁའེ་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཧྲི་ཞང་ཏུང་བཅས་ཀྱིས་འཆད་ཁྲིད་གནང་ཡོད། དེ་དང་མཉམ་དུ་དབྱར་སྦྱོང་འཛིན་གྲྭའི་སློབ་མ༡༨མཉམ་ཞུགས་གནང་བའི་གཞོན་ནུའི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་ཡང་དྲ་ཐོག་ནས་ཐད་གཏོང་དང་བཅས་འཚོགས་ཡོད།

ཆེད་མཁས་པ་དག་གིས་མཚམས་སྦྱོར་བྱས་པ་བརྒྱུད། ཐེངས་འདིའི་དབྱར་སྦྱོང་འཛིན་གྲྭར་སློབ་མ༩༤ཡིས་རེ་ཞུ་ཕུལ་བ་དང་། མཐའ་མར་ཨེར་ལན་ཊིའི་དྷུ་པོ་ལིན་ཐྀ་རི་ནིད་སློབ་ཆེན་དང་། ཧྥུ་ཏན་སློབ་ཆེན། ནན་ཅིན་སློབ་ཆེན། ནུབ་བྱང་སློབ་ཆེན། ཀོང་ཏུང་ཚན་རིག་ལག་རྩལ་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། བོད་ལྗོངས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན་སོགས་ཀྱི་སློབ་གཉེར་བྱེད་བཞིན་པའི་སློབ་མའམ་སྐད་བརྡ་རིག་པ་དང་འབྲེལ་བའི་ལས་ཀ་གཉེར་མཁན་བཅས་ཁྱོན་བསྡོམས་སློབ་མ༣༧གདམ་ཐོན་བྱུང་སྟེ་ཐེངས་འདིའི་དབྱར་སྦྱོང་འཛིན་གྲྭར་ཞུགས་པ་དང་། ནན་ཁའེ་སློབ་ཆེན་གྱི་མི་རིགས་སྐད་ཡིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་ཚང་མ་མཉམ་ཞུགས་བྱས། ཁོང་ཚོའི་ཁྲོད་ཀྱི་སློབ་མ་མང་དག་ཅིག་ནི་རྒྱུན་སྟོང་ལ་ཉེ་བའི་སྐད་རིགས་ཏེ། དཔེར་ན་རྒྱལ་རོང་སྐད་དང་། མི་ཉག་སྐད། མཆོད་སྐད། ཁྲོ་ཆུའི་སྐད། སེང་གེ་གཤོང་གི་སྐད་སོགས་ཕ་སྐད་དུ་སྨྲ་མཁན་ཡིན།

ད་སྔ་ཐེངས་དྲུག་གི་དབྱར་སྦྱོང་འཛིན་གྲྭར་སློབ་མ་ཉིས་བརྒྱ་ལྷག་སློབ་ཐོན་བྱུང་ཡོད། སྔོན་མའི་སློབ་མར་ཡིག་ཐོག་བཅར་འདྲི་བྱས་པ་ལྟར་ན། ལན་འདེབས་བྱེད་མཁན་སློབ་མ༨༩ཡི་ཁྲོད་ནས་མི༥༦ད་དུང་སྐད་བརྡ་རིག་པ་དང་འབྲེལ་བའི་ལས་ཀ་བྱེད་བཞིན་པའམ་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། འབུམ་རམས་པའི་བསླབ་གནས་ཀྱི་སློབ་སྦྱོང་བྱེད་བཞིན་པའམ་འབུམ་རམས་ཐོན་གྲུབ་ནས་མཐོ་སློབ་དང་ཞིབ་འཇུག་ལྟེ་གནས་སུ་ལས་ཀ་བྱེད་མཁན༣༠ཡོད། དབྱར་སྦྱོང་འཛིན་གྲྭ་འདིས་བོད་རྒྱའི་སྐད་རིགས་ཞིབ་འཇུག་གི་རྗེས་འཇུག་མི་སྣ་གསོ་སྐྱོང་དང་ནན་ཁའེ་སློབ་ཆེན་གྱི་སྐད་བརྡ་རིག་པའི་རིག་ཚན་འཛུགས་སྐྲུན་ཐད་གྲུབ་འབྲས་ལེགས་པོ་ཐོབ་ཡོད།

སྤྱི་ལོ༢༠༢༤ལོའི་ཟླ༨ཚེས༡༡ཉིན། ནན་ཁའེ་སློབ་ཆེན་གྱི་རྩོམ་རིག་སློབ་གླིང་གི་གླིང་གཙོ་གཞོན་པ་ལུའུ་ཀྲིན་དང་། སི་མི་སོན་ནི་སློབ་ཚོགས་ཀྱི་དམངས་སྲོལ་དང་ཤུལ་བཞག་རིག་གནས་ལྟེ་གནས་ཀྱི་སྐད་ཡིག་དང་རིག་གནས་བསྐྱར་དར་ལས་གཞིའི་གཙོ་སྐྱོང་བ་སློབ་དཔོན་ཆེན་མོMary Sarah Linnདང་། ཨོ་རི་གྷོན་སློབ་ཆེན་གྱི་སློབ་དཔོན་གཞོན་པNathaniel Aaron Simsདང་། སློབ་གསོ་པུའུ་ཡི་སྤྱི་ཚོགས་ཚན་རིག་ཨུ་ཡོན་དང་ནན་ཁའེ་སྐད་བརྡ་རིག་པའི་སློབ་ཚན་གྱི་འགོ་ཁྲིད་སློབ་དཔོན་ཙེང་ཞོའོ་ཡུའེ་བཅས་དབྱར་སྦྱོང་འཛིན་གྲྭའི་དབུ་འབྱེད་མཛད་སྒོར་ཕེབས་ནས་གསུང་བཤད་གནང་། ཚེས༢༣ཉིན། ནན་ཁའེ་སློབ་ཆེན་རྩོམ་རིག་སློབ་གླིང་གི་གླིང་གཙོ་གཞོན་པ་སློབ་དཔོན་རན་ཆི་པིན་དང་། ནན་ཁའེ་སློབ་ཆེན་གྱི་སློབ་དཔོན་ཧྲི་ཞང་ཏུང་གཉིས་མཇུག་བསྡོམས་མཛད་སྒོར་ཕེབས་ནས་གསུང་བཤད་གནང་། སློབ་དཔོན་རན་ཆི་པིན་གྱིས་དབྱར་སྦྱོང་འཛིན་གྲྭ་འདི་ནི་རྩོམ་རིག་སློབ་གླིང་གི་མཚན་སྙན་ལྡན་པའི་ངོ་སྤྲོད་ཡི་གེ་ཞིག་ཏུ་གྱུར་ཡོད་ཅེས་གསུངས་པ་དང་། སློབ་དཔོན་ཧྲི་ཞང་ཏུང་གིས་ཀྱང་ནན་ཁའེ་ཡི་སློབ་གཉེར་བ་ཞིག་ཡིན་པའི་ཆ་ནས། ཤིང་ཀོང་ཝན་སོགས་མཁས་དབང་རྒན་པ་རྣམས་ཀྱི་སྲོལ་བཟང་རྒྱུན་འཛིན་དང་དར་སྤེལ་ལུ་གུ་རྒྱུད་དུ་བྱ་དགོས་ཅེས་གསུངས་པ་དང་བོད་རྒྱའི་སྐད་རིགས་ཞིབ་འཇུག་ནི་ང་ཚོའི་ཀྲུང་གོར་དར་སོ་ཆེ་བའི་ཞིབ་འཇུག་གི་ཁྱབ་ཁོངས་ཤིག་མིན་ཡང་། འདི་ནི་ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་རྒྱལ་ཁབ་ཀྱི་རིན་ཆེན་གཏེར་མཛོད་ཅིག་ཡིན་ལ། རིག་གནས་བཟང་བོའི་རྒྱུན་འདི་ང་ཚོའི་ལག་ཏུ་ཆད་མི་རུང་ཞེས་ནན་བཤད་གནང་། ནན་ཁའེ་སློབ་ཆེན་གྱི་སྐད་བརྡ་རིག་པའི་ཞིབ་འཇུག་ཁང་གི་འགན་འཛིན་དང་བོད་རྒྱའི་སྐད་རིགས་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་སློབ་དཔོན་ཡེ་ཤེས་འོད་གསལ་ཨ་ཚོགས་དང་། རྩོམ་རིག་སློབ་གླིང་གི་དགེ་རྒན་བྱང་ཆུབ་དབང་མོ་བཅས་ཀྱིས་གོ་རིམ་བཞིན་དབུ་འབྱེད་མཛད་སྒོ་དང་མཇུག་བསྡོམས་མཛད་སྒོ་གཙོ་སྐྱོང་གནང་།

ཟླ༨ཚེས༡༧ནས༡༨བར། ནན་ཁའེ་སློབ་ཆེན་དུ་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་སྐབས་དྲུག་པ(གཤམ་དུ་བགྲོ་གླེང་ཚོགས་འདུ་ཞེས་འབོད་པར་བྱ)འཚོགས། ཚོགས་འདུ་འགོ་འཛུགས་སྐབས། ཚོགས་བཅར་བ་ཡོངས་ཀྱིས་ཉེ་ཆར་སྐུ་འདས་གྲོངས་སུ་གྱུར་བའི་བོད་རྒྱའི་སྐད་ཀྱི་མཁས་དབང་ཆེན་མོ་སྐུ་ཞབས་སུན་ཧོང་ཁའེ་ལགས་ལ་མྱ་ངན་གུས་འདུད་ཞུས། ནན་ཁའེ་སློབ་ཆེན་རྩོམ་རིག་སློབ་གླིང་གི་སློབ་གླིང་དབུ་འཛིན་ལི་ཞི་ལུང་དང་། ཀྲུང་གོའི་མི་རིགས་སྐད་རིགས་མཐུན་ཚོགས་ཀྱི་ཚོགས་གཞོན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཧོང་ཁྲིན་ལུང་། རྒྱལ་སྤྱིའི་ཀྲུང་གོའི་སྐད་བརྡ་རིག་པའི་མཐུན་ཚོགས་ཀྱི་ཚོགས་གཙོ། ནན་ཁའེ་སློབ་ཆེན་སྐད་བརྡ་རིག་པའི་ཞིབ་འཇུག་ཁང་གི་མཚན་གནས་ཅན་གྱི་འགན་འཛིན་སློབ་དཔོན་ཧྲི་ཧྥེང་། མཚོ་སྔོན་ཞིང་ཆེན་བོད་ཡིག་དཔེ་རྙིང་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་ཚེ་རིང་བཅས་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་མཛད་སྒོར་ཕེབས་ནས་གསུང་བཤད་གནང་།(སློབ་དཔོན་ཧོང་ཁྲིན་ལུང་གིས་སྐུ་ཞབས་སུན་ཧོང་ཁའེ་ཡི་མྱ་ངན་གུས་འདུད་མཛད་སྒོར་ཞུགས་པས། ཁོང་གི་གསུང་བཤད་ནི་ཚོགས་འདུ་གཙོ་སྐྱོང་བས་ཚབ་བྱས་ནས་བཀླགས) སློབ་དཔོན་ཧྲི་ཧྥེང་གིས་ནན་ཁའེ་ཡི་སྲོལ་རྒྱུན་ནི་སྐུ་ཞབས་ཤིང་ཀོང་ཝན་དང་ལི་ཧྥང་ཀྭེ། དེ་བཞིན་སློབ་དཔོན་སཱ་ཕེར་བཅས་ལས་བྱུང་བ་ཡིན་པ་དང་ནན་ཁའེ་སློབ་ཆེན་ནི་བོད་སྐད་ཞིབ་འཇུག་གི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ལ། སྐུ་ཞབས་ཧྲི་ཞང་ཏུང་གིས་བོད་སྐད་དང་རྒྱ་སྐད་བསྡུར་ཞིབ་དང་ཁུངས་མཐུན་ཐ་སྙད་འཚོལ་ཞིབ་ཐད་ཀྱི་གྲུབ་འབྲས་ནི་སྔོན་གྱི་ལོ་ངོ་བརྒྱ་ལྷག་རིང་གི་བོད་རྒྱའི་ཁུངས་མཐུན་ཐ་སྙད་འཚོལ་ཞིབ་ཀྱི་གྲུབ་འབྲས་ལས་བརྒལ་ཡོད་ཅེས་གསུངས། བགྲོ་གླེང་ཚོགས་འདུའི་སྟེང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་དཔོན་ལྕགས་ཐར་རྒྱལ་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་སློབ་དཔོན་ཧོང་ཁྲིན་ལུང་གཉིས་ཀྱིས་གཙོ་གནད་གསུང་བཤད་གནང་། མཚོ་སྔོན་ཞིང་ཆེན་འཇིགས་མེད་རྒྱལ་མཚན་མི་རིགས་ལག་རྩལ་སློབ་གྲྭའི་སྐུ་ཞབས་འཇིགས་མེད་རྒྱ་མཚོས་གདན་ཞུའི་མཚན་གནས་ཅན་གྱི་གསུང་བཤད་གནང་། མཁས་དབང་དང་ཤེས་ཡོན་ཅན༣༠ལྷག་གིས་བོད་སྐད་བརྡ་སྤྲོད་དང་། བོད་ཀྱི་ཡུལ་སྐད་ཀྱི་ཁྱད་ཆོས། བོད་ཀྱི་སྐད་ཡིག་གི་ལོ་རྒྱུས་འཕེལ་འགྱུར། བོད་ཡིག་ཡིག་ཚངས་ཀྱི་འགྲེལ་བཤད། སྐད་ཀྱི་ཉེར་སྤྱོད་དང་རིག་གནས་སོགས་ཀྱི་བརྗོད་གཞིའི་ཐོག་རིག་པའི་བགྲོ་གླེང་ལྷུག་པོར་གནང་། དབྱར་སྦྱོང་འཛིན་གྲྭའི་སློབ་མ་ཡོངས་ཀྱིས་བགྲོ་གླེང་ཚོགས་འདུར་ཟུར་ཉན་བྱས་པ་དང་། ནན་ཁའེ་སློབ་ཆེན་གྱི་སློབ་དཔོན་ཡེ་ཤེས་འོད་གསལ་ཨ་ཚོགས་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཚེ་དབང་རྡོ་རྗེ་གཉིས་ཀྱིས་རིམ་བཞིན་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་མཛད་སྒོ་དང་མཇུག་བསྡོམས་མཛད་སྒོ་གཙོ་སྐྱོང་གནང་།

སྤྱི་ལོ༢༠༡༦ལོར། ནན་ཁའེ་སློབ་ཆེན་དང་ཨ་རིའི་སི་མི་སོན་ནི་སློབ་ཚོགས་ཀྱི་དམངས་སྲོལ་དང་རིག་གནས་ཤུལ་བཞག་ལྟེ་གནས་གཉིས་ཀྱིས་སློབ་གསོ་དང་ཤེས་ཡོན་མཉམ་ལས་དྲན་ཐོའི་ཡིག་ཆ་ལ་མིང་རྟགས་བཀོད་པ་དང་། ལོ་དེར་ཕྱོགས་གཉིས་ནས་མཉམ་འབྲེལ་གྱིས་བོད་རྒྱ་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་དང་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ལེགས་འགྲུབ་བྱུང་། དེ་ནས་བཟུང་། དབྱར་སྦྱོང་འཛིན་གྲྭ་དང་བགྲོ་གླེང་ཚོགས་འདུ་ནི་ནན་ཁའེ་སློབ་ཆེན་རྩོམ་རིག་སློབ་གླིང་གིས་གཙོ་སྒྲུབ་བྱས་ཤིང་། ནན་ཁའེ་སློབ་ཆེན་སྐད་བརྡ་རིག་པའི་ཞིབ་འཇུག་ཁང་དང་། ནན་ཁའེ་སློབ་ཆེན་བོད་རྒྱ་སྐད་རིགས་ཞིབ་འཇུག་ལྟེ་གནས། མཚོ་སྔོན་ཞིང་ཆེན་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཚོགས་པ། ཧྲང་ཧའེ་དགེ་ཐོན་སློབ་ཆེན་བོད་རིག་པའི་ཞིབ་འཇུག་ལྟེ་གནས། དེ་བཞིན་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་བཅས་ཀྱིས་མཉམ་དུ་འགན་སྒྲུབ་བྱས།

སྤྱི་ལོ༢༠༢༡ལོ་ནས་བཟུང་། ཕྱོགས་གཉིས་ཀྱིས་ཡང་བསྐྱར་ལོ་ལྔའི་མཉམ་ལས་འཆར་གཞི་ཐེངས་གཉིས་པ་འགོ་བཙུགས། ནན་ཁའེ་སློབ་ཆེན་ནི་རྒྱལ་ནང་གི་ཕྱོགས་བསྡུས་རང་བཞིན་གྱི་མཐོ་རིམ་སློབ་གྲྭའི་ཁྲོད་དུ་མི་རིགས་སྐད་ཡིག་ཞིབ་འཇུག་གི་ནུས་པ་ཆེས་ཆེ་ཤོས་ལྡན་པའི་སློབ་ཆེན་ཞིག་ཡིན་པ་དང་། བོད་རྒྱའི་སྐད་རིགས་ཞིབ་འཇུག་ཐད་ལ་རྒྱལ་སྤྱི་དང་རྒྱལ་ནང་དུ་ཤུགས་རྐྱེན་གལ་ཆེན་ལྡན་ཞིང་། རྒྱལ་ནང་གི་མི་རིགས་དཔེར་ན། ཏའེ་རིགས་དང་དབྱིས་རིགས། བོད་རིགས། ལ་ཧུའུ་རིགས། ཅིང་ཕོ་རིགས། ཡའོ་རིགས། ལི་རིགས་སོགས་ཀྱི་སྐད་བརྡ་རིག་པའི་འབུམ་རམས་པ་ཐོག་མ་ཚང་མ་ནན་ཁའེ་ནས་ཐོན་པ་ཡིན། སི་མི་སོན་ནི་སློབ་ཚོགས་ནི་དེང་དུས་འཛམ་གླིང་ཐོག་འགྲེམས་སྟོན་ཁང་གི་མ་ལག་དང་ཞིབ་འཇུག་མཉམ་འབྲེལ་བྱས་པའི་ཚོགས་པ་ཆེས་ཆེ་ཤོས་དེ་ཡིན་ལ། སི་མི་སོན་ནི་སློབ་ཚོགས་ཀྱི་དམངས་སྲོལ་དང་རིག་གནས་ཤུལ་བཞག་ལྟེ་གནས(CFCH)ནི་སི་མི་སོན་ནི་སློབ་ཚོགས་ཀྱི་ཁོངས་གཏོགས་དང་། ཨ་རིའི་ཤུལ་བཞག་རིག་གནས་ཞིབ་འཇུག་དང་སྲུང་སྐྱོབ་ཀྱི་ལྟེ་བའི་སྡེ་ཚན་ཞིག་ཡིན། དབྱར་སྦྱོང་འཛིན་གྲྭས་རྒྱལ་ཁབ་ཕྱི་ནང་གི་བོད་རྒྱའི་སྐད་བརྡ་རིག་པའི་མཁས་དབང་རྣམས་གདན་ཐོག་གཅིག་ཏུ་བསྐོངས་ཏེ། དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་དང་ལག་ལེན་ལ་མཁས་པའི་ཕ་སྐད་སྨྲ་བའི་ཞིབ་འཇུག་མི་སྣ་གསོ་སྐྱོང་བྱེད་པ་དམིགས་སུ་བཟུང་ཞིང་། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号