རི་སྐྱེས་སྐྱེ་དངོས་དང་སྲོག་ཆགས་ཀྱིས་ཁྱབ་པའི་ཡར་ཉང་རྒྱལ་ཁབ་བརླན་ས་སྤྱི་གླིང་དུ་བསྐྱོད་པ།

 “ངས་ཉིན་རེར་སྤྱི་གླིང་དུ་ཐེངས3ཙམ་ལ་སྐོར་ཞིབ་བྱས་ནས་སྡོང་བོ་འབུ་ཡིས་ཟས་ཡོད་མེད་དང་། བརླན་ས་ནང་གི་ཉ་རིགས་དང་འདབ་ཆགས་རིགས་ཀྱི་འཚོ་སྡོད་གནས་ཚུལ་ལ་བལྟས་ནས། མི་གཞན་གྱིས་ཁོར་ཡུག་ལ་གཏོར་བརླག་བཟོ་བར་འགོག་པ། གྲོང་མི་ཚོར་སྐུལ་སློང་བྱས་ནས་མཉམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་དགོས ”ཞེས་ཉེ་ཆར་བོད་ལྗོངས་ཉིང་ཁྲི་ཡར་ཉང་རྒྱལ་ཁབ་བརླན་ས་སྤྱི་གླིང་གི་དོ་དམ་སྲུང་སྐྱོང་ལས་དོན་གཉེར་ནས་ལོ18འགོར་བའི་དབང་གྲགས་ཀྱིས་གསར་འགོད་པར་དེ་ལྟར་བརྗོད། 

ཉིང་ཁྲིའི་ཡར་ཉང་རྒྱལ་ཁབ་བརླན་ས་སྤྱི་གླིང་།

ཉེ་ཆར། བོད་རང་སྐྱོང་ལྗོངས་ཏང་ཨུ་དྲ་འཕྲིན་གཞུང་ལས་ཁང་དང་ཉིང་ཁྲི་གྲོང་ཨུ་དྲ་འཕྲིན་གཞུང་ལས་ཁང་། ལྷ་ས་གྲོང་ཨུ་དྲ་འཕྲིན་གཞུང་ལས་ཁང་གིས་མཉམ་དུ་སྤེལ་བའི2024ལོའི“ང་ཚོའི་ཁྱིམ་གཞིས་ཏེ་བདེ་སྐྱིད་ལྡན་ཞིང་མཛེས་པའི་བོད་ལྗོངས”དྲ་རྒྱ་སྨྱན་སྦྱོར་བཅར་འདྲི་རུ་ཁག་ཉིང་ཁྲི་རུ་བསྐྱོད་པ་དང་། བཅར་འདྲི་རུ་ཁག་ཡར་ཀླུང་གཙང་བོ་དང་ཉང་ཆུའུ་འདྲེས་མཚམས་ཀྱི་ཡར་ཉང་བརླན་ས་སྤྱི་གླིང་དུ་ཕྱིན་ནས་བརླན་སའི་སྐྱེ་ཁམས་སྲུང་སྐྱོང་གནས་ཚུལ་རྒྱུས་ལོན་བྱས།

ཡར་ཉང་རྒྱལ་ཁབ་བརླས་ས་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང6973.44ཟིན་པས་ཆུ་ཚད་ཕུན་སུམ་ཚོགས་ཤིང་སྐྱེ་དངོས་སྣ་མང་བ། བརླན་ས་དེ2009ལོར་ཆོག་མཆན་ཐོབ་ནས་འཛུགས་མགོ་བརྩམས་པ་དང་། 2016ལོར་ཚོད་ལྟའི་གནས་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་ནས་དངོས་སུ་རྒྱལ་ཁབ་བརླས་ས་སྤྱི་གླིང་བསྐྲུན།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཤུགས་ཆེན་པོས་ཡར་ཉང་གྲོག་རོང་རི་གཏད་དང་ཉང་ཆུའི་གཞུང་རྒྱུན་གྱི་སྐྱེ་ཁམས་སླར་གསོ་རྣམ་གྲངས་སྐུལ་འདེད་བྱས་ནས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་ཏེ་བོད་ལྗོངས་ཡར་ཉང་བརླན་ས་སྐྱེ་ཁམས་མ་ལག་རྒྱལ་ཁབ་ཀྱི་གནས་གཏན་ཁེལ་ལྟ་ཞིབ་ཚད་འཇལ་ཞིབ་འཇུག་ས་ཚིགས་བཙུགས། སྔོན་ལ་བོད་ལྗོངས་སུ་སྐྱེ་ཁམས་རིན་ཐང་རྨང་གཞི་བརྟག་དཔྱད་བྱས་པ་དང་ཆབས་ཅིག་ཏུ་ཉིང་ཁྲི་གྲོང་ཁྱེར་གྱིས་ཡར་ཉང་བརླན་ས་དང་ཡར་ཉང་གྲོག་རོང་གི་སྐྱེ་ཁམས་སླར་གསོ་རྣམ་གྲངས་སྤེལ་ནས། ལྕང་སྡོང་དང་རི་མཐོའི་གསོམ་ཤིང་། སྟར་ཀ་སོགས་ཀྱི་ཤིང་སྡོང་རིགས་བཙུགས་པ་མ་ཟད། སླར་གསོ་རྒྱ་ཁྱོན་མུའུ5100ལྷག་ཟིན་པ་དང་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར1.4ཟིན། ལོ་མང་པོས་ཧུར་ཐག་འོག་ཏུ་ད་ལྟའི་བརླན་སར་རི་སྐྱེས་སྐྱེ་དངོས་རིགས534དང་རི་སྐྱེས་སྲོག་ཆགས234ཁྱབ་ཡོད། འབབ་རྒྱུད་ནང་གི་ཁོར་ཡུག་མཁའ་དབུགས་སྤུས་ཚད་ལེགས་ཚད99.4%ཟིན་པ། ཆུའི་སྤུས་ཚད་རིགས་གསུམ་པའི་ཚད་གཞིར་ཐོན། 

ཉིང་ཁྲི་བྲག་ཡིབ་ཆུས་ནགས་རྩྭ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས། དེ་ལྟའི་བར་དུ་བརླན་སའི་དོ་དམ་སྲུང་སྐྱོང་མི་སྣ46རྩ་འཛུགས་བྱས་ནས་བརླན་ས་སྤྱི་གླིང་ལ་ཉིན་རྒྱུན་གྱི་སྐོར་ཞིབ་དང་རི་སྐྱེས་སྲོག་ཆགས་སྐྱོབ་པ། གནས་སྤོར་སྲོག་ཆགས་ལ་ལྟ་ཞིབ་ཚད་འཇལ། ཡུལ་སྐོར་པར་སྒྲོག་འགྲེལ། སྤྱི་གླིང་ནང་གི་མེ་འགོག་སོགས་ཀྱི་དོ་དམ་སྲུང་སྐྱོང་ལས་དོན་སྤེལ། 

དབང་གྲགས་ཀྱིས“སྤྱི་གླིང་གི་འགྱུར་ལྡོག་སྔར་ལས་ཇེ་ལེགས་སུ་ཕྱིན་ནས། ཡུལ་སྐོར་པ་མང་པོ་གནས་འདིར་ཡོང་བཞིན་ཡོད”ཟེར།

དོ་དམ་སྲུང་སྐྱོང་མི་སྣ་དབང་གྲགས་ཀྱིས་རང་གི་ལས་དོན་ངོ་སྤྲོད་བྱེད་བཞིན་པ།

ཉིང་ཁྲི་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་རིམ་པ་བཞི་བའི་བརྟག་དཔྱད་པ་ལི་ཡུན་ཀྲུན་གྱིས། ཉིང་ཁྲིའི་མཁའ་དབུགས་སྤུས་ཚད་རྒྱལ་ཡོངས་ཀྱིས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར339ནང་བསྟུད་མར་ལོ7ལ་ཨང་དང་པོར་སླེབས་པ་དང་། ས་ངོས་ཆུའི་བཅད་ཁ21དང་རྫོང་རིམ་ཡན་གྱི་བཏུང་ཆུའི་ཆུ་ཁུངས13ཆུའི་སྤུས་ཚདརིགས་གསུམ་པའི་ཆུའི་བསྡུར་ཚད་ཀྱི100%རྒྱུན་འཁྱོངས་བྱས།

རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན། དུས་ཡུན་རིང་བོ་ཞིག་ལ་ཡར་ཉང་རྒྱལ་ཁབ་བརླན་ས་སྤྱི་གླིང་གིས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཆེད་དོན་འགུལ་སྤྱོད་རབ་དང་རིམ་པ་སྤེལ་བས། བརླན་ས་སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ལེགས་བཅོས་བྱུང་། དེ་དང་ཆབས་ཅིག་ཏུ་ཡོལ་སྐོར་པ་མང་པོའི་ཡིད་སེམས་བཀུག་པས་གནས་དེ་ནི་དངོས་གནས་ཉིང་ཁྲིའི་ཁམ་དུ་མེ་ཏོག་དང་ཁྲུང་ཁྲུང་སྐེ་ནག་ལ་ལྟ་བའི་གནས་མཆོག་ཏུ་གྱུར། མཐའ་འཁོར་གྱི་མང་ཚོགས་ཀྱིས་ཀྱང་ཞིང་ལས་ཁྱད་ལྡན་ཐོན་རྫས་འཚོང་ཞིང་ཁྱིམ་ཚང་མགྲོན་ཁང་གཉེར་བ་བརྒྱུད་དེ་ཡོང་འབབ་འཕར་སྣོན་བྱུང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号