རང་བྱུང་སྲུང་སྐྱོབ་ས་ཁུལ་ལེགས་པར་བསྐྲུན་ཏེ་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཛེས་རིས་བཞེངས་པ།
རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི“ཡོལ་གཉིས་རྒྱུད་གསུམ”འཐབ་ཇུས་གནས་སྟངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། མཚོ་སྔོན་གྱིས“ཀྲུང་ཧྭའི་ཆུ་ལྕོག”སྲུང་སྐྱོབ་བྱེད་མཁན་གྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་ཁུར་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཚུད་པར་སྐུལ་འདེད་བཏང་ཡོད།
ད་ལོའི་ཟླ6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་འཛམ་གླིང་ལ་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དཔེ་སྟོན་བསྐྲུན་དགོས་པ་ནན་གྱིས་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནན་མོ་ཡིད་ལ་བརྟན་པོར་ངེས་ནས་མཚོ་སྔོན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་། མིག་སྔའི་བར། མཚོ་སྔོན་གྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི2722.47ཡོད་པ་དེས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་རྒྱ་ཁྱོན་གྱི39.08%ཟིན་ཡོད་པ་དང་། རྒྱལ་ཁོངས་རྒྱ་ཁྱོན་ཟིན་པའི་བསྡུར་ཚད་དེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དེའི་ནང་རྒྱལ་ཁབ་སྤྱི་གླིང་གིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི75.85%ཟིན་ཡོད་པས། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་དང་། རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞི་ཡིན་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་ཡིན་པ་བཅས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་གསར་པ་རགས་ཙམ་གྲུབ།
ཟླ8པའི་ཚེས15ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་ལྷག་ཙམ་ལ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ར་གདོང་ཆེ་བ་བདག་སྐྱོང་ས་ཚིགས་ཀྱི་མགོ་གཙོ་བདེ་ཁང་དང་ལས་རོགས་ཚོ་མཉམ་དུ་ར་གདོང་ཆེ་བའི་གྲོག་རོང་དུ་སྐོར་གཡེང་བྱེད་པར་ཕྱིན།
དེའི་ཡར་སྔོན་ལ། བདེ་ཁང་གིས་ཆེས་དོ་ཁུར་བྱ་ཡུལ་ནི་ལྗོན་ཤིང་དང་རྩྭ་རིགས་ཡིན་ཏེ། སྐྱེ་ཁམས་བདག་སྐྱོང་མི་སྣར་མ་གྱུར་གོང་དུ་བདེ་ཁང་ནི་ཆི་ལེན་རྫོང་ནགས་རའི་ལག་རྩལ་པ་ཡིན་པ་དང་། སྔ་རྗེས་སུ་ལྗང་བུ་གསོ་བ་དང་ནགས་སྲུང་བ། ནགས་ཁུལ་ཨར་ལས་དོ་དམ་བྱེད་པ་སོགས་ཀྱི་ལས་ཀ་ལས་མྱོང་། རྗེས་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ལས་དོན་སྤེལ་མགོ་ཚུགས་པ་དང་བསྟུན་ནས། བདེ་ཁང་སྐྱེ་ཁམས་བདག་སྐྱོང་ས་ཚིགས་ཀྱི་འགན་འཁུར་བའི་ལས་གནས་སུ་ཡོང་སྟེ་ལོ་ངོ་བདུན་བརྒྱད་རིང་ལ་བྱ་བ་བསྒྲུབས།
བདེ་ཁང་གིས་བཤད་རྒྱུར།“མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་བཙུགས་པའི་དབང་གིས་ངའི་མི་ཚེ་ལ་འདི་འདྲའི་འགྱུར་ལྡོག་ཆེན་པོ་བྱུང་སོང་། སྐྱེ་ཁམས་བདག་སྐྱོང་ལས་དོན་མི་སྣ་ཞིག་ཏུ་གྱུར་ནས་ཕ་ཡུལ་གྱི་སྔོ་ལྗང་རི་ཆུར་སྲུང་སྐྱོབ་ཐུབ་པ་ནི་སྤོབས་པ་སྐྱེ་འོས་པ་ཞིག་རེད།”
རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད། མཚོ་སྔོན་གྱིས་རྒྱུན་མཐུད་ངང་འཚོལ་ཞིབ་དང་ལག་ལེན་བྱས་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་མདུན་གྲལ་དུ་སླེབས་ཡོད། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ལོ་གསུམ་འགུལ་སྐྱོད་ཁྱོན་ཡོངས་ནས་ལེགས་གྲུབ་བྱས་པ་དང་།གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྤེལ་བ། ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་དུས་མགོའི་བྱ་བར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་པས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་མཚོ་བོད་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་ཚོགས་པ་རགས་ཙམ་གྲུབ།
མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧན་ཆང་གིས་བཤད་རྒྱུར། “ང་ཚོས་རང་འགུལ་ངང་གོང་དུ་སྤེལ་བ་དང་འཚོལ་ཞིབ་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་ཆ་འཕྲིན་ཅན་དང་ཚད་གཞི་ཅན།ཚད་ལྡན་ཅན་བཅས་ཀྱི་འཛུགས་སྐྲུན་འཕེལ་རིམ་ཇེ་མགྱོགས་སུ་བཏང་ཞིང་། སྤྱི་གླིང་འཛུགས་པའི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་འཛམ་གླིང་ལ་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དཔེ་མཚོན་བསྐྲུན་པའི་ཐད་བྱས་རྗེས་ཧུར་ཐག་བཞག་ཡོད།”
“ཟླ8པའི་ཚེས13ཉིན། ཡུལ་སྐོར་པ་རེ་ཟུང་གིས་མཚོ་ཆུང་བརླན་སའི་འདབ་ཆགས་འཚོ་སྡོད་ས་ཁུལ་ལ་གནོད་བསྐྱལ་པ་ཤེས་རྟོགས་བྱུང་བས་ཡོ་བསྲང་བྱས་ཡོད།”
“ཟླ8པའི་ཚེས14ཉིན། མཚོ་ཆུང་བརླན་སའི་བྱ་རིགས་ལ་རྩིས་གྲངས་བླངས་པ་ན། ཁྲུང་ཁྲུང་སྐེ་ནག3དང་། ངུར་བ68། བྱ་ལོང་ལྟག་ཁྲ32། སྐྱོར་སྲེ5བཅས་ཡོད།”
དེ་ནི་ཟླ8པའི་ཚེས15ཉིན། མཚོ་སྔོན་པོའི་མཚོ་ཆུང་སྲུང་སྐྱོབ་ས་ཚིགས་ཀྱི་སྐྱེ་ཁམས་བདག་སྐྱོང་པ་ལྷ་ཆེན་ཐར་གྱིས་གསར་འགོད་པར་བསྟན་པའི“ནགས་སྲུང་སྐོར་སྲུངApp”མཉེན་ཆས་ཀྱི་ཆ་འཕྲིན་ཟིན་ཐོའི་ནང་དོན་རེད།
ལྷ་ཆེན་ཐར་གྱིས་བཤད་རྒྱུར། “མ་ལག་དེའི་གནས་གཏན་འཁེལ་གྱི་ནུས་པ་སྤྱད་དེ་དུས་ཐོག་ཏུ་དོན་རྐྱེན་གྱི་གནས་ཡུལ་ཞིབ་ཕྲ་སྙན་སེང་ཞུ་ཐུབ་པ་དེས་ང་ཚོའི་བྱ་བའི་བདེ་འཇགས་ལ་འགན་ལེན་ཡང་བྱེད་ཐུབ།”
ཚན་རིག་ལག་རྩལ་གྱི་ཆུ་ཚད་མཐོ་དམན་དེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་བྱེད་པར་གལ་འགངས་ཤིན་ཏུ་ཆེ། ཚན་རྩལ་གྱི་བྱེད་ཐབས་བེད་སྤྱོད་ལུགས་མཐུན་བྱས་ན།རང་བྱུང་ཐོན་ཁུངས་བེད་སྤྱོད་པའི་ལས་ཆོད་ཆེ་རུ་གཏོང་བ་དང་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་ཐུབ་པར་མ་ཟད།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་བློ་གྲོས་འཛུགས་སྐྲུན་ལ་སྐུལ་འདེད་ཀྱང་གཏོང་ཐུབ།
དེའི་ཐད་མཚོ་སྔོན་གྱིས་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་ཚན་རྩལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཚན་རྩལ་དགོས་མཁོར་དམིགས་ཏེ། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ། མཚོ་སྔོན་པོ་སོགས་གཙོ་གནད་སྐྱེ་ཁམས་ས་ཁུལ་གྱི“སྐྱེ་ཁམས—ཐོན་སྐྱེད—འཚོ་བ”བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཚན་རྩལ་མ་ལག་འཐུས་ཚང་དུ་བཏང་།
རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དང་།མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པ་དེ་ནི་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི“མཐར་ཐུག་གི་དམིགས་འབེན”རེད། དེའི་ཐད་མཚོ་སྔོན་གྱིས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི“སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས+”ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་། དྲིལ་སྒྲོག་སློབ་གསོ། དམངས་འཚོ་འཕེལ་རྒྱས་གཏོང་བ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ནང་རྐྱེན་མུ་མཐུད་དུ་འཚོལ་ཞིབ་དང་འཛུགས་སྐྲུན་བྱས། ཞིང་ཆེན་ཡོངས་ཀྱིས་རྩྭ་ཐང་དང་ནགས་ཚལ།བརླན་ས་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སྤྱི་ཕན་ལས་གནས་བསྡོམས་པས་ཁྲི14.51བཀོད་སྒྲིག་བྱས་ནས། རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ནང་གི་དེ་སྔའི་སྡོད་དམངས་སྐྱེ་ཁམས་བདག་སྐྱོང་པ་སྔོན་ལ་གདན་ཞུས་བཀོལ་སྤྱོད་བྱས་ཡོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་གླིང་ཁུལ་གྱི“ཁྱིམ་ཚང་རེ་ལ་ལས་གནས་གཅིག་རེ་ཡོད་པ”མངོན་འགྱུར་བྱུང་བས། འབྲོག་པ་ཁྲི1.72ཀྱི་མི་རེའི་ཆ་སྙོམས་ཀྱི་ལོ་འཁོར་ཡོང་འབབ་སྒོར་ཁྲི2.16ལ་སླེབས་ཡོད། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་འབབ་རྒྱུད་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་ནང་རྐྱེན་འཛུགས་པར་སྐུལ་འདེད་གཏོང་བ་དང་།རང་བྱུང་སྲུང་སྐྱོབ་ཁུལ་གྱི་གཉེར་སྐྱོང་རང་བཞིན་གྱི་རྣམ་གྲངས་དམིགས་བསལ་གཉེར་སྐྱོང་དོ་དམ་བྱེད་ཐབས་གཏན་འབེབས་བྱེད་པ། རང་བྱུང་སྲུང་སྐྱོབ་ས་ཁུལ་ནང་ཁུལ་དང་ཉེ་འཁོར་མང་ཚོགས་ཀྱིས་ཡུལ་བབ་དང་བསྟུན་ནས་རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཡུལ་སྐོར་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ། སྐྱེ་ཁམས་ཀྱི་ལེགས་ཆ་དེ་མུ་མཐུད་དུ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་བ་བཅས་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བཏང་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注