“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་དགོས།
ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཁྲེན་ཀང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས་སྐབས་ཐེངས་མང་པོར“སྙིང་སྟོབས”གླེང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “རང་རེའི་ཏང་གིས་ལོ་བརྒྱའི་འབད་འཐབ་ཁྲོད་དུ། ཁྱད་ཆོས་ལྡན་པའི་གསར་བརྗེའི་སྙིང་སྟོབས་རབ་དང་རིམ་པ་ཞིག་གསོ་སྐྱོང་བྱས་ཡོད་ལ། ཏང་གི་འགྱུར་མེད་ཀྱི་བློ་སྤོབས་དང་རྩ་བའི་དགོངས་དོན། བྱེད་ཕྱོགས་བཟང་པོ་བཅས་གཅིག་བསྡུས་སྒོས་མཚོན་ཡོད། དེ་ནི་ང་ཚོས་འབད་བརྩོན་ལྷོད་མེད་བྱེད་པར་སྐུལ་ལྕག་གཏོང་བའི་བསམ་པའི་རྒྱུ་ནོར་རྩ་ཆེན་དེ་ཡིན་པ”དང་། “གསར་བརྗེ་དང་གསར་གཏོད་སྲོག་ཤིང་ཡིན་པའི་དུས་རབས་ཀྱི་སྙིང་སྟོབས་དང་མཚོ་བོད་མཐོ་སྒང་གི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་དགོས།”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་གི་དཀའ་ངལ་སྣ་ཚོགས་ལ་དཔའ་བསྐྱེད་གདོང་གཏོད་དང་བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁ་ལེན་པར་སྐུལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བའི་བསམ་པའི་སྟོབས་ཤུགས་དྲག་པོ་དེ་ཡིན། འཐབ་ལམ་གསར་པའི་སྟེང་དུ། ང་ཚོས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཤུགས་ཆེན་པོས་རྒྱུན་འཛིན་དར་སྤེལ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་དགོས།
རླབས་ཆེ་བའི་དུས་རབས་ཀྱིས་རླབས་ཆེ་བའི་སྙིང་སྟོབས་བསྐྲུན་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “རྒྱལ་ཡོངས་མི་དམངས་ཀྱིས་ངེས་པར་དུ་རླབས་ཆེ་བའི་མི་རིགས་སྙིང་སྟོབས་དང་དུས་རབས་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མཐུན་སྒྲིལ་སེམས་གཅིག་གི་བསམ་པའི་སྦྲེལ་ཐག་དང་འབད་བརྩོན་ལྷོད་མེད་ཀྱི་བསམ་པའི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། ནམ་ཡང་སྐྱེ་སྟོབས་རྒྱས་པའི་ངང་ནས་མ་འོངས་པར་བསྐྱོད་དགོས།”མཚོ་སྔོན་གྱི་རྡུལ་ཕྲན་མཁར་རྗེས་དྲན་ཁང་དུ་སླེབས་པ་ན། འོད་དུ་འཚེར་བའི་མིང་ཡིག་རེ་རེ་དང་། ཤིན་ཏུ་དཀོན་པའི་འདྲ་པར་རེ་རེ། ཡིད་སེམས་སྒུལ་བའི་ལྗོངས་རྣམ་རེ་རེ་ཡིས། ང་ཚོ་ངར་སེམས་འཁོལ་བའི་དུས་རབས་དེར་འཁྲིད་པར་བྱེད། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གསེར་དངུལ་རྩྭ་ཐང་དུ། རང་རྒྱལ་གྱི་རྡུལ་ཕྲན་འབར་འདེལ་དང་ཆིང་རྡུལ་འབར་འདེལ་ཐོག་མ་དེ་ཞིབ་བཟོ་ལེགས་འགྲུབ་བྱུང་ནས། རྒྱལ་ཁབ་ཀྱི་མཚན་སྙན་བསྟད་ཅིང་རྒྱལ་ཁབ་ཀྱི་རྨང་རྡོ་བཙུགས་པ་དང་། “མེས་རྒྱལ་ལ་དགའ་ཞེན། སྒེར་སེམས་མེད་པར་གསོལ་འབུལ། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་འཐབ། མཉམ་ལས་ཤུགས་ཆེན། རྩེར་སྙེག་ཕོད་པ”ཡི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སྦྲུམ་ཞིང་འཁྲུངས་པས། ཀྲུང་ཧྭ་མི་རིགས་ཡར་ལངས་པའི་བསམ་པའི་སྒལ་ཚིགས་བསྐྲུན་ཞིང་། མི་དམངས་ཀྱི་སེམས་སུ་ནམ་ཡང་ཉམས་པ་མེད་པའི་བསམ་པའི་རྡོ་རིང་བསྐྲུན་ཡོད། རླབས་ཆེ་བའི་སྙིང་སྟོབས་འདིས་ཀྲུང་ཧྭའི་བུ་དང་བུ་མོའི་རྒྱལ་གཅེས་ཀྱི་བརྩེ་འདུན་དང་འགན་འཁྲིའི་ཁག་འཁུར་མཚོན་ཡོད་དེ། ཚན་རིག་པ་རྒན་པ་དག་གིས་གནམ་ས་སྒུལ་བའི་ལས་ལ་ལུས་སེམས་བསྟིམས་པ་དང་མིང་གསང་རུས་གསང་གི་མི་ཞིག་བྱེད་སྤོབས་པ་ཡིས་ཅི་ཞིག་ལ“ཚན་རིག་ལ་རྒྱལ་མཚམས་མེད་ཀྱང་། ཚན་རིག་པར་མེས་རྒྱལ་ཡོད”ཅེས་པར་གཏིང་ཟབ་སྒོས་འགྲེལ་བརྗོད་བྱས་ཡོད་པ་དང་། རླབས་ཆེ་བའི་སྙིང་སྟོབས་འདིས་ཀྲུང་གོའི་མི་དམངས་ཀྱི་དཀའ་སྤྱད་འབད་འཐབ་དང་ཕངས་མེད་གསོལ་འབུལ་གྱི་བླ་མེད་གོ་རྟོགས་མཚོན་ཡོད་དེ། བགྲང་ལས་འདས་པའི་ཚན་རིག་པ་དང་འཛུགས་སྐྲུན་མཁན་དག་གིས་བློ་རྣལ་དུ་ཕབ་ཅིང་སྒམ་ཚུགས་པར་བྱས་ཏེ། མྱ་ངམ་ཐང་དུ་ལང་ཚོ་བསྟིམས་པ་ཡིས་ཅི་ཞིག་ལ“ལུས་སྲོག་ཕངས་མེད་བསྟིམས་པས་གཟི་རྔམ་བསྐྲུན། གནམ་ས་རྙིང་པ་བརྗེས་པས་ཁམས་གསར་བཞེངས”ཞེས་པ་གཏིང་ཟབ་སྒོས་འགྲེལ་བརྗོད་བྱས་ཡོད། རླབས་ཆེ་བའི་སྙིང་སྟོབས་འདིས་འབད་བརྩོན་ལྷོད་མེད་ཀྱི་མི་རིགས་ཀྱི་རྣམ་དཔྱོད་མཚོན་ཡོད་དེ། ཉམས་པ་སོར་ཆུད་པར་སྒུག་ཅིང་དབུལ་ཞིང་ཕོངས་པའི་རྨང་གཞིའི་སྟེང་། དུས་ཡུན་ཐུང་ངུའི་ནང་ལ་སྒེར་ཚུགས་ཀྱིས་ཉིང་རྡུལ་མཚོན་ཆ་རང་བདག་གསར་གཏོད་ཐུབ་པའི་ཀྲུང་གོའི་ངོ་མཚར་གྱིས་ཅི་ཞིག་ལ“ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས”ཞེས་པར་གཏིང་ཟབ་སྒོས་འགྲེལ་བརྗོད་བྱས་ཡོད་པ་དང་། རླབས་ཆེ་བའི་སྙིང་སྟོབས་འདིས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ལེགས་པོ་མཚོན་ཡོད་དེ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ་ཀྲུང་གོ་མི་དམངས་ཀྱིས་མི་ཁྲི་སེམས་གཅིག་དང་མཐུན་སྒྲིལ་རོགས་རེས་བྱེད་པ་ཡིས་ཅི་ཞིག་ལ“སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་ནུས་ཤུགས་གཅིག་བསྡུས་སྒོས་དོན་ཆེན་བསྒྲུབ་པ”ཞེས་པར་གཏིང་ཟབ་སྒོས་འགྲེལ་བརྗོད་བྱས་ཡོད།
མཚོ་སྔོན་ནི་མཚོ་འཕགས་མཐོ་གནས་ཡིན་ལ་བསམ་པའི་མཐོ་གནས་ཀྱང་ཡིན། ལོ་ངོ་བཅུ་ཕྲག་དུ་མའི་རིང་ལ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དེ་མི་རབས་ནས་མི་རབས་སུ་བརྒྱུད་ཅིང་ནམ་ཡང་ཉམས་པ་མེད་ལ། དེའི་ཁྲོད་དུ་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་བློ་རིག ཀྲུང་གོའི་སྟོབས་ཤུགས་བཅས་སིམ་ཞིང་། མི་རབས་ནས་མི་རབས་ཀྱི་མཚོ་སྔོན་གྱི་མི་དམངས་ལ་མཐོ་སར་རྒྱང་ལྟ་དང་རང་རྟོན་སྒོ་འབྱེད། མཐུན་སྒྲིལ་གསོལ་འབུལ། འབད་བརྩོན་ལྷོད་མེད་བཅས་བྱེད་པར་བསྐུལ་ཏེ། སྒྲུབ་པ་དང་ཧུར་གྱིས་སྒྲུབ་པ། དོན་དངོས་སུ་སྒྲུབ་པ་བཅས་ལ་བརྟེན་ནས། མཚོ་སྔོན་གྱི་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དུས་སྐབས་གསར་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ལྗོངས་རིས་གསར་པ་རེ་རེ་བཞེངས་ཡོད། ལོ་རྒྱུས་ཀྱིས་ང་ཚོར་བསམ་བློ་ནི་ཐོག་མཐའ་བར་གསུམ་དུ་རྩ་ཆེ་བའི་རྒྱུ་ནོར་དང་ཡིད་འགུག་པའི་སྟོབས་ཤུགས་ཡིན་པ་བསྟན་ཡོད་པས། བསམ་པའི་སྟོབས་ཤུགས་དང་དཔལ་ཡོན་གྱི་འོད་སྣང་ཁོ་ནས་མཚོ་སྔོན་གྱི་བསམ་པའི་མཐོ་གནས་ཧུར་ཐག་གིས་བསྐྲུན་ཚེ། ད་གཟོད་དུས་རབས་གསར་པ་དང་འཐབ་ལམ་གསར་པའི་སྟེང་དུ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བསམ་བློའི་རྣམ་འགྱུར་བཟང་པོ་ལ་བརྟེན་ནས་བྱ་གཞག་བསྐྲུན་ཞིང་བྱས་རྗེས་འཇོག་པར་འབོད་སྐུལ་དང་སྐུལ་ལྕག་ཆེན་པོ་གཏོང་ཐུབ་ལ། མཚོ་སྔོན་ལ་རྒྱུས་ལོན་དང་མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་སྤེལ་གཏོང་བའི་སྟོབས་ཤུགས་དྲག་པོ་གཅིག་ཏུ་བསྡུ་ཐུབ་པ་ཡིན།
རླབས་ཆེ་བའི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བའི་ཁྲོད་ནས་བརྗིད་ཆེ་བའི་འཆར་གཞི་མངོན་དུ་འགྱུར་བར་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “རླབས་ཆེ་བའི་ལས་དོན་གྱིས་རླབས་ཆེ་བའི་སྙིང་སྟོབས་སྦྲུམ་ཞིང་། རླབས་ཆེ་བའི་སྙིང་སྟོབས་ཀྱིས་རླབས་ཆེ་བའི་ལས་དོན་ལ་སྣེ་ཁྲིད་པ་ཡིན།”“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་སྐུལ་ལྕག་ཆེན་པོའི་འོག་ཏུ། འཛུགས་སྐྲུན་དམག་དཔུང་ཁྲི་ཚོ་བརྒྱ་ཕྲག་མང་པོ“འཐབ་ཕྱོགས་གསུམ་པའི”འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་པ་དང་། དཀའ་ཚེགས་ཤིན་ཏུ་ཆེ་བའི་གནས་ཚུལ་འོག་ཏུ་དམག་འཐབ་དྲག་པོ་རྒྱག་ཕོད་པ་དང“རུས་པ་སྲ་མོ”དམུར་ཕོད་པའི་དཔའ་ངར་ཆེན་པོར་བརྟེན་ནས། རི་གཟར་ལུང་གྲོག་དང་མྱ་ངམ་ཐང་རྒོད་དུ་གྲུབ་འབྲས་ཆེན་པོ་བླངས་པ་རེད།“འཐབ་ཕྱོགས་གསུམ་པའི”འཛུགས་སྐྲུན་དེ་མཚོ་སྔོན་དུ་ཚ་ཚ་འུར་འུར་ངང་སྤེལ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་བརླིང་སྲ་བརྟན་དུ་བཏང་ཡོད་དེ། སྔོན་གྱི་འོད་ཟེར་རྫས་འགྱུར་བཟོ་གྲྭས་ཐོན་སྐྱེད་བྱས་པའི་ལྕི་ཆུའི་མ་རྒྱུ་ཡིས་རྒྱལ་ཁབ་ཀྱི་ཉིང་རྡུལ་བཟོ་ལས་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་ལ། སྔོན་གྱི་མཚོ་སྔོན་རླངས་འཁོར་བཟོ་གྲྭས་ཐོན་སྐྱེད་བྱས་པའི་ཁྲེ་སྣུམ་གྱི་ས་མཐོ་གནོན་འཕར་ལྗིད་ཐེག་ཟོང་འདྲེན་རླངས་འཁོར་ནི་རྒྱལ་ཡོངས་ཀྱི་གསར་གཏོད་ཐོག་མ་ཡིན་པ་དང་། སྔོན་གྱི་མཚོ་སྔོན་བཟོ་སྐྲུན་འཕྲུལ་ཆས་བཟོ་གྲྭས་ཐོན་སྐྱེད་བྱས་པའིQT120རྟགས་ཅན་གྱི་ས་འདེད་འཕྲུལ་འཁོར་གྱིས་ཀྲུང་གོའི་ལྷོ་སྣེའི་ལྕགས་རི་རིང་པོའི་ས་ཚིགས་ཀྱི་བགྲོད་ལམ་འཛུགས་སྐྲུན་ལ་འགན་ལེན་ནུས་ལྡན་བྱས་པ་སོགས་ལོ་ཟླའི་འཁོར་སྐྱོད་དང་བསྟུན་ནས་སྙིང་སྟོབས་ཇེ་བརྟན་དུ་གྱུར།དུས་རབས་གསར་པར་སླེབས་རྗེས་ང་ཚོའི་འགན་འཁྲི་སྔར་ལས་གཟི་བརྗིད་ལྡན་པ་དང་། ལས་འགན་སྔར་ལས་དཀའ་ཚེགས་ཆེ་ལ། དམིགས་འབེན་སྔར་ལས་བརྗིད་ཉམས་ལྡན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི“ཆེས་ཆེ་ཤོས་ཀྱི་རིན་ཐང་དེ་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་པ་དང་། ཆེས་ཆེ་ཤོས་ཀྱི་འགན་འཁྲི་དེ་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་ལ། ཆེས་ཆེ་ཤོས་ཀྱི་ཡིབ་ཤུགས་ཀྱང་སྐྱེ་ཁམས་ཀྱི་སྟེང་དུ་ཡོད”ཅེས་པའི་ཞིང་ཆེན་གནས་བབ་ཀྱི་ངེས་གནས་དང་། “སྐྱེ་ཁམས་བདེ་འཇགས་ཀྱི་གོ་གནས་དང་། རྒྱལ་ཁོངས་བདེ་འཇགས་ཀྱི་གོ་གནས། ཐོན་ཁུངས་དང་ནུས་ཁུངས་བདེ་འཇགས་ཀྱི་གོ་གནས་བཅས་དེ་བས་ཀྱང་གལ་འགངས་ཆེ”ཞེས་པའི་འཐབ་ཇུས་གོ་གནས་གསལ་པོར་བཏོན་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་བསྐྲུན་པ་དང“འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་གྱིས་བསྐྲུན་པ་དང་རྒྱལ་ཁབ་ཀྱི་དྭངས་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་བསྐྲུན་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་ཡུལ་བསྐྲུན་པ”བཅས་ཀྱི་འཕེལ་རྒྱས་ཀྱི་བགྲོད་ལམ་གསལ་སྟོན་བྱས་ཤིང་། “བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་རྒྱ་བསྐྱེད་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་དམིགས་སུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་རྒྱུན་འཁྱོངས་བྱེད་པ”བཅས་ཀྱི་ལག་ལེན་གྱི་བླང་བྱ་བཏོན། ཁོང་གིས་ནན་གྱིས་བསྟན་དོན། “མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་ཐད་གོང་འཕེལ་བྱུང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་དགོས།” མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཅངས་ཤིང་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་པར་རྐང་བཙུགས་ཤིང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པར་དམིགས་ནས། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་ཏུ་ཧུར་ཐག་གིས་བསྐྱོད་ཐུབ་པ་བྱུང་ཡོད། ལག་ལེན་དངོས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་སྟེ་འཆར་གཞི་རེ་རེ་མཐར་ཕྱིན་པར་འབྲི་བ་དང་། ལས་འགན་གཅིག་རྗེས་གཅིག་འཕྲོར་མཐུད་ནས་སྒྲུབ་པ་བཅས་བྱས་ཚེ་ད་གཟོད་བྱ་གཞག་སྣ་ཚོགས་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་ཐུབ་པ་ར་སྤྲོད་བྱས་ཡོད།
དུས་རབས་གསར་པ་དང་འཐབ་ལམ་གསར་པའི་སྟེང་། མཚོ་སྔོན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱས་ཏེ། བཅོས་བསྒྱུར་གྱི་སྙིང་སྟོབས་ལ་བརྟེན་ནས་ཆབ་སྲིད་ཀྱི་བློ་དཀར་སྦྱོང་བརྡར་བྱེད་པའི་ཐད་སྔར་བས་གོང་འཕེལ་ཆེན་པོ་འབྱུང་བ་དང་། སྐྱེ་ཁམས་དམིགས་སུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པའི་ཐད་སྔར་བས་གོང་འཕེལ་ཆེན་པོ་འབྱུང་བ། ས་གནས་རང་གི་ཁྱད་ཆོས་དང་དགེ་མཚན་མཚོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་བྱེད་པའི་ཐད་སྔར་བས་གོང་འཕེལ་ཆེན་པོ་འབྱུང་བ། མི་རིགས་དང་ཆོས་ལུགས་ལས་དོན་ཐད་སྔར་བས་གོང་འཕེལ་ཆེན་པོ་འབྱུང་བ། དམངས་འཚོར་འགན་སྲུང་དང་ལེགས་བཅོས་གཏོང་བའི་ཐད་སྔར་བས་གོང་འཕེལ་ཆེན་པོ་འབྱུང་བ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཐད་སྔར་བས་གོང་འཕེལ་ཆེན་པོ་འབྱུང་བ་བཅས་བྱས་ཏེ། གོམ་པ་རེ་རེ་ཡིས་རྔམ་བརྗིད་ལྡན་པའི་འཆར་འགོད་རི་མོ་དེ་མཛེས་སྡུག་ལྡན་པའི་མངོན་སུམ་དུ་འགྱུར་བར་བྱེད་དགོས།
རླབས་ཆེན་གྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བའི་ཁྲོད་ནས་གསར་བརྗེའི་ཁྲག་རྒྱུན་སྐྱོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པར་སྣེ་ཁྲིད་སྒོས་གསར་བརྗེའི་རྒྱུད་རྒྱུ་རྒྱུན་འཛིན་བྱེད་དུ་བཅུག་ནས་བླ་ན་མཐོ་བའི་ཀུན་སྤྱོད་ཀྱི་རྒྱུ་སྤུས་སྦྱོང་དགོས།”མཚོ་སྔོན་ལ་གསར་བརྗེའི་ཐོན་ཁུངས་མང་པོ་ཡོད་པ་སྟེ། ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཐོག་མ་ཞིབ་བཟོ་རྟེན་གཞི་དང་ཀྲུང་གོའི་བཟོ་ཞིང་དམར་དམག་གི་ནུབ་ལམ་དམག་དཔུང་གི་རྗེས་དྲན་ཁང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་དམར་དམག་ལུང་པའི་གསར་བརྗེའི་རྗེས་ཤུལ། མཚོ་བོད་གཞུང་ལམ་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི་གནས་རྙིང(དམག་དཔོན་ཐོག་ཁང)། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཨོ་ལན་རྫོང་མའོ་ཧི་རྔ་མོང་གསོ་སྤེལ་ར་བ་སོགས་གསར་བརྗེའི་གནས་རྙིང་དང་གསར་བརྗེའི་རིག་དངོས་དག་ནི་སྲིད་ན་དཀོན་པའི་རྒྱུ་ནོར་རྩ་ཆེན་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སོགས་ཀྱི་བསམ་པའི་རྒྱུ་ནོར་ལ་འོད་སྟོང་འབར་བཞིན་ཡོད། རྩ་ཆེ་བའི་གསར་བརྗེའི་ཐོན་ཁུངས་དང་བསམ་པའི་རྒྱུ་ནོར་འདི་དག་གི་ནང་དུ་ཕུགས་འདུན་གྱི་ཡིད་ཆེས་དང་རྫོང་མཐུག་པའི་སྔོན་ཐོན་རིག་གནས། བླ་ན་མཐོ་བའི་ཀུན་སྤྱོད་དང་སེམས་རྒྱུད་འདུས་ཡོད་ལ། དུས་ལས་བརྒལ་བའི་འགུག་ཤུགས་དང་སྒུལ་ཤུགས་ལྡན་པས། ང་ཚོས་ཕུགས་འདུན་གྱི་ཡིད་ཆེས་བརྟན་པོར་གཏོང་བ་དང་ཏང་གཤིས་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་པའི་གསོན་ཉམས་ལྡན་པའི་བསླབ་དེབ་ཡིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་དུས་རབས་ཀྱི་སྙིང་སྟོབས་ནུས་ཤུགས་ཡོད་རྒུས་དར་སྤེལ་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་འཚོ་སྟོབས་བསླངས་པ་དང་། ཀྲུང་ཧྭ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཟོ་འགོད་ལག་བསྟར་བྱས་པ་བརྒྱུད། རྨ་ཙོང་རིག་གནས་དང་གླིང་གེ་སར་རྒྱལ་བོའི་སྒྲུང་། རེབ་གོང་སྒྱུ་རྩལ་སོགས་དུས་རབས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་པ་དང་། “རིའི་རྒྱལ་བོ་དང་ཆུའི་འབྱུང་ཁུངས། རབ་མཛེས་མཚོ་སྔོན”གྱི་རིག་གནས་མཚོན་རྟགས་བསྐྲུན་པ། མཚོ་སྔོན་གྱི་རིག་གནས་སྣ་མང་དང་རིག་གནས་ཀྱི་རྒྱུན་རིང་བའི་དགེ་མཚན་འདོན་སྤེལ་བྱས་པ། སྐྱེ་ཁམས་རིག་གནས་དང་གསར་བརྗེ་རིག་གནས། ལོ་རྒྱུས་རིག་གནས། མི་རིགས་རིག་གནས། མཐོ་སྒང་རིག་གནས་བཅས་ཀྱི་ས་ཞིང་གཤིན་པོ་ལེགས་པོར་རྨོ་བ། ཏང་གི་གཏམ་རྒྱུད་དང་གསར་བརྗེའི་གཏམ་རྒྱུད། རྟེན་གཞིའི་གཏམ་རྒྱུད། དཔའ་བོ་དང་སྔོན་གཤེགས་དཔའ་བོའི་གཏམ་རྒྱུད་ལེགས་པོར་བརྗོད་པ་བཅས་བྱས་ཏེ། མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གཅེས་རྒྱལ་གཅེས་དང་སྤྱི་ཚོགས་རིང་ལུགས་ལ་གཅེས་པའི་བརྩེ་བ་རྣལ་མ་སྐྱེས་སུ་བཅུག་ཡོད། ཐོག་མའི་བསམ་འདུན་རྒྱུན་ཆད་མེད་པར་ཡིད་ལ་བརྟན་པོར་བཅངས་པ་དང་འགན་འཁུར་ནམ་ཡང་ཕྲག་ཏུ་འཁུར་ན། ད་གཟོད་གསར་བརྗེའི་ཁྲག་རྒྱུན་སྐྱོང་བའི་དུས་རབས་ཀྱི་ལེའུ་ངོ་མཚར་བ་འབྲི་ཐུབ་པ་ར་སྤྲོད་བྱས་ཡོད།
དུས་རབས་གསར་པ་དང་འཐབ་ལམ་གསར་པའི་སྟེང་། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། གསར་བརྗེ་རིག་གནས་ཀྱི་དྲིལ་སྒྲོག་དང་འགྲེལ་བཤད་ལ་ཤུགས་སྣོན་དང་། གསར་བརྗེ་སྙིང་སྟོབས་ཀྱི་ཡིད་ཆེས་བརྟན་པོ་དང་སྦྱོང་བརྡར་གྱི་གཤིས་རྒྱུད་བཀོལ་ནས། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ75འགོར་བར་རྟེན་འབྲེལ་ཞུ་བ་དང་། ‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བའི”བྱ་འགུལ་རབ་དང་རིམ་པ་ལེགས་པོར་སྤེལ་བ། རྒྱང་སྐྱོད་དང་ལྕགས་རི་རིང་བོ། རྨ་ཆུ། འབྲི་ཆུ་བཅས་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་མཚོ་སྔོན་མཚམས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྟེན་གཞི་སེམས་ཞིབ་མོས་བསྐྲུན་པ། “ཀྲུང་གོ་རྡུལ་ཕྲན་མཁར”སོགས་ཀྱི་གསར་བརྗེ་ཡུལ་སྐོར་གྱི་ལྗོངས་ཁུལ་གྲགས་ཅན་དང་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་གི་ལམ་ཐིག་རྩེ་གྲ།རིག་གནས་གསར་སྐྲུན་གྱི་ཐོན་རྫས་སྐོར་ཞིག་འདོན་པ། ལོ་རྒྱུས་གཏམ་རྒྱུད་དང་མི་སྣའི་སྙིང་སྟོབས། རིག་གནས་མཚོན་རྟགས་བཅས་དང་དེ་ཡིས་བསྩལ་བའི་དུས་རབས་གསར་པའི་ནང་དོན་སྔོག་འདོན་གང་ལེགས་བྱེད་པ་བཅས་ཀྱིས། གསར་བརྗེ་རིག་གནས་ལ་བསྒྲིལ་ཤུགས་དང་འགུག་ཤུགས་སྔར་བས་ལྡན་དུ་འཇུག་པ་དང་། གསར་བརྗེའི་རྒྱུད་རྒྱུ་རྒྱུན་འཛིན་དང་གསར་བརྗེའི་ཟོང་རྟགས་གྲགས་སུ་འཇུག་པ། གསར་བརྗེའི་གཏམ་རྒྱུད་ལེགས་པོར་བཤད་ནས་གསར་བརྗེའི་རིག་གནས་དང་རླབས་ཆེན་གྱི་སྙིང་སྟོབས་དེ་དུས་རབས་དང་མཉམ་གནས་མཉམ་འགུལ་བྱེད་པའི་ཁྲོད་དུ་འགྱུར་མེད་ཤུགས་ལྡན་གྱི་དུས་རབས་ཀྱི་སྒྲ་ཆེན་བསྒྲོག་ཏུ་འཇུག་དགོས།
རླབས་ཆེན་གྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བའི་ཁྲོད་ནས་ཐུན་མོང་གི་བསམ་པའི་གཞིས་ཁྱིམ་བསྐྲུན་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་རིག་གནས་འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་གཞིས་ཁྱིམ་མུ་མཐུད་དུ་བསྐྲུན་དགོས།”མཚོ་སྔོན་གྱི་ལོ་རྒྱུས་གླེགས་བམ་ནི་མཚོ་སྔོན་གྱི་རིགས་སོ་སོའི་མི་རིགས་འབྲེལ་འདྲིས་བརྗེ་རེས་དང་མཉམ་འདྲེས་བྱེད་པའི་གླེགས་བམ་ཀྱང་ཡིན་ལ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འཐུས་ཚབ་ཡིན་པའི་རླབས་ཆེན་སྙིང་སྟོབས་ཀྱིས་མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་སྣེ་དྲངས་ཏེ་བགྲོད་ལམ་རང་རྟོན་དང་གཞུང་ལུགས་རང་རྟོན། ལམ་ལུགས་རང་རྟོན། རིག་གནས་རང་རྟོན་བཅས་བརྟན་པོར་གཏོང་བའི་འོད་དུ་འཚེར་བའི་སྒྲོན་སྟེགས་སུ་གྱུར་ཡོད།
ལོ་ངོ་མང་པོའི་རིང་ལ། རེབ་གོང་ཡུལ་ནས་མཚོ་སྔོན་པོའི་འགྲམ་དང་། གཙང་གསུམ་འབྱུང་ཡུལ་ནས་ཚ་འདམ་གཞོང་། རྩྭ་ཐང་ཕྱུགས་ར་ནས་རྨ་ཙོང་འགྲམ་ངོགས་བཅས་སུ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་ཉེ་མི་ལྟར་ཕན་ཚུན་ལ་རོགས་རེས་སོ་སྲུང་བྱས་པ་དང་། སེ་འབྲུའི་ཚི་གུ་བཞིན་དམ་པོར་གཅིག་ཏུ་སྦྲེལ་ཏེ། ཏང་གི་གསུང་ལ་མཉན་པ་དང་ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་དང་། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་སྤེལ་དུ་བཏང་སྟེ། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་གྱི་བརྗིད་ཆགས་མཛེས་སྡུག་གི་རི་མོ་བཞེངས་ཡོད། མཚོ་སྔོན་གྱིས་ནམ་ཡང་མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་སྒྲེང་བ་དང་ཞིང་ཆེན་གྱི་གནས་ཚུལ་ལ་རྐང་ཚུགས་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་བསྐྱེད་པ་གཙོ་ཐིག་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་བཙུགས་པ་དང་། གྲོང་ཁྱེར(ཁུལ)ཡོངས་དང93%གྱི་རྫོང(གྲོང་ཁྱེར་དང་ཆུས)རྒྱལ་ཁབ་རིམ་པའི་དཔེ་སྟོན་ཚད་གཞིར་ཐོན་པ་མངོན་འགྱུར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་བཀོལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“མཚོ་སྔོན་མ་དཔེ”བསྐྲུན་ཡོད། ཅི་ཧྲི་ཧྲན་གྱི་རིམ་པ6.2ཅན་གྱི་ས་ཡོམ་ལ་དམིགས་ཏེ་མཚོ་སྔོན་གྱིས་མི་སེམས་དྲོ་རུ་འཇུག་པའི་བྱ་བ་སྣ་ཚོགས་ཞིབ་སྒྲུབ་དངོས་སྒྲུབ་བྱས་པ་བརྒྱུད། རིགས་སོ་སོའི་མང་ཚོགས་ཀྱི་མཛེས་སྡུག་གཞིས་ཁྱིམ་བསྐྱར་སྐྲུན་གྱི་ཡིད་ཆེས་དང་ཆོད་སེམས་གཅིག་ཏུ་བསྒྲིལ་ཡོད། མི་རིགས་མཐུན་སྒྲིལ་ནི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ཡིན་པས། ཏང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མི་རིགས་སོ་སོའི་ངེས་ཤེས་མཐོན་པོ་བརྟན་པོར་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་སྔར་བས་ལེགས་པོར་བསྐྱེད་ན། ད་གཟོད་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་མཉམ་སྟོབས་དྲག་པོ་ཆགས་སྲིད་པ་ལག་ལེན་ལས་ར་སྤྲོད་བྱས་ཡོད།
དུས་རབས་གསར་པ་དང་འཐབ་ལམ་གསར་པའི་སྟེང་དུ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་ཆགས་པར་མཐོང་ཡོད་ཚོར་ཡོད་ཕན་ཡོད་སྒོས་སྐུལ་འདེད་གཏོང་བ་བཅས་ཀྱིས། “སྩོལ་བ་གསུམ་དང་ཕན་པ་གཅིག”གི་བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་པ་དང་། ལྡེབས་ངོས་གཅིག་དང་གར་སྟེགས་གཅིག སྲང་ལམ་གཅིག་སོགས“གཅིག་ཅན་མང་པོ”ཡི་གཞི་རྟེན་བེད་སྤྱོད་ལེགས་པོ་བྱས་ཏེ། “སྡེ་ཁུལ་གྱི་སེ་འབྲུའི་གཞིས་ཁྱིམ”བསྟུད་མར་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་གཞིས་ཁྱིམ་རྒྱུན་ཆད་མེད་པར་བསྐྲུན་པ། མི་རིགས་སོ་སོའི་སེམས་པ་གཅིག་ཏུ་འདུས་ཤིང་བསམ་པ་གཅིག་ལ་གཅིག་བརྟེན་བྱེད་པར་ཡར་སྐུལ་བྱེད་པ། ལྷག་བསམ་རྣམ་དག་གིས་འབྲེལ་འདྲིས་དང་སེམས་བསམ་པས་བརྗེ་རེས། བརྩེ་བ་ངོ་མས་འདྲེས་པར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཆེས་ཆེ་བའི་སེམས་འདུན་མངོན་འགྱུར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རྣམ་པར་བཞད་དུ་འཇུག་དགོས།
རླབས་ཆེན་གྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བའི་ཁྲོད་ནས་དུས་རབས་ཀྱི་ཁག་ཁུར་ཕྲག་ཏུ་ལེན་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་མཛད་པའི་གསུང་བཤད་གལ་ཆེན་གྱིས་མཚོ་སྔོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་སྟེང་གི་ལོ་རྒྱུས་ཀྱི་ལས་འགན་གསལ་པོ་བྱས་ཏེ། མཚོ་སྔོན་ལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་མངོན་འགྱུར་བྱེད་པའི་ཁྲོད་ཀྱི་ལས་འགན་གལ་ཆེན་བསྩལ་ཡོད། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱིས་མཚོ་སྔོན་སྤོབས་པས་མདུན་དུ་སྐྱོད་པར་གཏིང་ཤུགས་དྲག་པོ་དང་ཡིད་ཆེས་བརྟན་པོ་བསྩལ་ནས། དུས་རབས་གསར་པའི་གསར་སྐྲུན་གྱི་འཕེལ་རྒྱས་དང་སྦྱོང་བརྡར་མདུན་སྐྱོད་ཀྱི་སྣེ་འདྲེན་དྲག་པོར་གྱུར་ཡོད། མིག་སྔར། མཚོ་སྔོན་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་པའི་གནད་འགག་གི་དུས་སྐབས་སུ་གནས་ཡོད་པས། རླབས་ཆེན་སྙིང་སྟོབས་ཀྱི་སྣེ་ཁྲིད་འོག་ཏུ། མཚོ་སྔོན་གྱིས་བཏོན་དོན། སྒྲུབ་འདོད་ན་རང་འགུལ་གྱིས་བྱས་འབྲས་འཇོག་པ་དང་འབད་འབུངས་བྱེད་པ། སྒྲུབ་ཕོད་ན་དཀའ་ཁག་གདོང་གིས་བསུས་ནས་འགག་སྒྲོལ་དཀའ་སེལ་བྱེད་པ། སྒྲུབ་ཤེས་ན་མཐོ་སར་འགྲེངས་ནས་རྒྱང་དུ་བལྟ་བ་དང་ཏན་ཏན་ཏིག་ཏིག་གིས་བསྒྲུབས་པ་བཅས་བྱས་ན་ད་གཟོད་མཚོ་སྔོན་གྱི་བསྡུར་ཚད་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་ཐུབ་པ་དང་། གོ་སྐབས་དངོས་གནས་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་ཐུབ་པ་དང་། ད་གཟོད་ས་ཁུལ་གཞན་གྱི་ཧེ་བག་རྒྱུན་ཆད་མེད་པར་ཇེ་ཆུང་དུ་གཏོང་ཐུབ་པ། གོམ་པ་ཆེན་པོ་སྤོས་ནས་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་རླབས་རྒྱུན་གྱི་རྗེས་ཆོད་ཐུབ་ལ། ད་གཟོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནན་མོ་སྟོང་ཟད་དུ་མི་གཏོང་བ་དང་རླབས་ཆེན་གྱི་དུས་རབས་གདོང་གིས་བསུས་ནས་མཚོ་སྔོན་མི་དམངས་ལ་དྲིན་ལན་འཇལ་བ་དང་རྐང་འོག་གི་ས་གཞི་དྲོན་མོ་འདི་ལ་དྲིན་ལན་འཇལ་ཐུབ། མཚོ་སྔོན་གྱིས་འཕེལ་རྒྱས་ཐད་ནས་བླངས་པའི་སྣང་ཚུལ་བཟང་པོ་འདི་ནི་མཚོ་སྔོན་པ་མི་རབས་ནས་མི་རབས་ཀྱིས་རླབས་ཆེན་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ཞིང་དུས་རབས་ཀྱི་ཁག་ཁུར་ཕྲག་ཏུ་བླངས་ཏེ་འབད་འབུངས་བྱས་ནས་ཐོན་པ་ཡིན་པས། བརྩོན་ཤུགས་དྲག་པོས་མདུན་དུ་བསྐྱོད་ན་ད་གཟོད་རྒྱུགས་སྤྲོད་ཀྱི་ལམ་ཁ་གསར་པར་བསྐྱོད་པའི་ཐད་སྔར་བས་ལེགས་པའི་མ་འོངས་པ་བཏོད་ཐུབ་པ་ར་སྤྲོད་བྱས་ཡོད།
དུས་རབས་གསར་པ་དང་འཐབ་ལམ་གསར་པའི་སྟེང་དུ། མཚོ་སྔོན་གྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བསྒྲུབ་ཐུབ་པར་བྱེད་པ།“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་སྐྲུན་གྱི་ཧུར་བརྩོན་རང་བཞིན་དང་འགག་སྒྲོལ་དཀའ་སེལ་གྱི་གསར་གཏོད་རང་བཞིན་སྔར་བས་སློང་བ། བཅོས་བསྒྱུར་གསར་སྐྲུན་སྲོག་ཤིང་ཡིན་པའི་དུས་རབས་ཀྱི་སྙིང་སྟོབས་དང་མཚོ་བོད་མཐོ་སྒང་གི་སྙིང་སྟོབས་ནུས་ཤུགས་ཡོད་རྒུས་དར་སྤེལ་གཏོང་བ། རླབས་ཆེན་གྱི་སྙིང་སྟོབས་དེ་མདུན་སྐྱོད་ཀྱི་སྟོབས་ཤུགས་སུ་བསྒྱུར་བ། “ལས་བྱེད་པས་བསྒྲུབ་དགོས་པ”ཡི་སྟེང་ནས་ཤུགས་ཡོད་རྒུས་ཡར་ཐོན་བརྩོན་ཏེ་མི་དམངས་ཀྱི་ལངས་ཕྱོགས་ནམ་ཡང་བརྟན་པོར་སྲུང་བ་དང་། སྤྱི་ཡོངས་ཀྱི་ཁོག་རྒྱ་ཡངས་པོ་རྒྱུན་འཛིན་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་ཆགས་སྟངས་ཆེན་པོ་རྒྱ་བསྐྱེད་པ་བཅས་བྱེད་དགོས།“རང་གཅུན་ནན་དགོས་པ”ཡི་སྟེང་ནས་ཤུགས་ཡོད་རྒུས་ཡར་ཐོན་བརྩོན་ཏེ་སྲོལ་བརྩི་སྒྲིག་སྲུང་དེ་ནང་སེམས་སུ་འཛིན་པ་དང་བྱ་སྤྱོད་དུ་འགྱུར་དུ་འཇུག་པ། ཏང་གཤིས་དྲག་པོ་གསོ་སྦྱོང་དང་སྦྱོང་བརྡར་བྱེད་པ། རང་གཅུན་ནན་མོས་གོ་རྟོགས་ཆེན་པོ་གསོ་སྦྱོང་བཅས་བྱས་ནས། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་ལ་དམིགས་ནས་བློ་སྤོབས་ཆེན་པོས་མདུན་དུ་བསྐྱོད་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注