བོད་ལྗོངས་སུ《གསོ་རིག་རྒྱུད་བཞི》ཞིབ་འཇུག་གླིང་བཙུགས་པ།

ཟླ9པའི་ཚེས7ཉིན། གདན་ཞུའི་སྐུ་མགྲོན་གྱིས《གསོ་རིག་རྒྱུད་བཞི》ཞིབ་འཇུག་གླིང་གི་ཡོལ་རས་ཕྱེས་པ། པར་བ་བསྟན་འཛིན་ཉི་མ་ཆོས་གྲུབ་ཀྱིས་པར་བླངས། 

ཟླ9པའི་ཚེས7ཉིན། 《གསོ་རིག་རྒྱུད་བཞི》ཞིབ་འཇུག་གླིང་གི་སྒོ་ཕྱེས་པའི་མཛད་སྒོ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་འཚོགས།

《གསོ་རིག་རྒྱུད་བཞི》དེ་དུས་རབས8པ་ནས12པའི་བར་བྲིས་ཤིང་བོད་ཀྱི་གསོ་བ་རིག་པའི་ཆེས་ཚད་ལྡན་དང་ཤུགས་རྐྱེན་ཆེན་པོ་ལྡན་པའི་གསུང་རྩོམ་གལ་ཆེན་ཞིག་ཡིན་ལ། ཡིག་ཚང་དེས་བོད་ལུགས་གསོ་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་ཁྱོན་ཡོངས་ནས་མཚོན་ཡོད་ལ། མདོ་དབུས་མཐོ་སྒང་དང་ཧི་མ་ལ་ཡ། སོག་ཡུལ་དུ་བོད་ལུགས་གསོ་རིག་ཁྱབ་སྤེལ་གྱི་འཕེལ་རྒྱས་ལ་ཚབ་བྱེད་མི་ཐུབ་པའི་ནུས་པ་ཐོན་ཡོད། དེ་བཞིན་དུ་སྐབས་དེའི་བོད་ཀྱི་གསོ་རིག་དང་སྨན་བཅོས་ཀྱི་ཆུ་ཚད་མཚོན་ཐུབ་པར་མ་ཟད། བོད་ཀྱི་སྔ་དུས་ཀྱི་མི་ཆོས་ལོ་རྒྱུས་དང་། རིག་གནས་བརྗེ་རེས། མཚན་ཉིད་རིག་པའི་བསམ་བློ། སྲོལ་རྒྱུན་བཟོ་རྩལ་བཅས་གཅིག་བསྡུས་ཀྱིས་མངོན་པ་ཞིག་ཀྱང་ཡིན།  དེ་སྔ་རྗེས་སུ«ཀྲུང་གོའི་ཡིག་ཚགས་ཡིག་ཚང་ཤུལ་བཞག་མིང་ཐོ»དང«འཛམ་གླིང་དྲན་ཤེས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མིང་ཐོ»«འཛམ་གླིང་དྲན་ཤེས་ཀྱི་མིང་ཐོ»རུ་ཚུད་པ་རེད།

རྒྱལ་སྨན་ཆེན་མོའམ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དབང་འདུས་ཀྱིས་བོད་ལུགས་གསོ་བ་རིག་པ་ནི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆ་ཚང་བ་དང་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་རྩལ་ནུས་ད་བར་རྒྱུན་འཁྱོངས་བྱས་པའི་མི་རིགས་ཀྱི་གསོ་བ་རིག་པ་ཞིག་ཡིན་པའི་ངོ་སྤྲོད་བྱས།

བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་གཙོ་དགེ་རྒན་ཆེན་མོ་མིག་དམར་གྱིས《གསོ་རིག་རྒྱུད་བཞི》ཞིབ་འཇུག་གླིང་འཛུགས་པའི་དམིགས་ཡུལ་ནི་རིགས་པའི་གཞུང་ལུགས་ལ་སྔར་ལས་ཚན་རིག་གི་ཞིབ་འཇུག་བྱེད་པ་དང་འབྲེལ་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་ཐོག་སྤྱད་དེ་བོད་ལུགས་གསོ་རིག་དང་བོད་སྨན་རིག་པའི་ནད་ཐོག་སྨན་བཅོས་ཀྱི་ཕན་ནུས་ཆེ་རུ་གཏོང་ཆེད་ཡིན་པར་གསུང་།   


འདི་ནི་ཟླ5པའི་ཚེས16ཉིན་པར་བླངས་པའི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི《གསོ་རིག་རྒྱུད་བཞི》སློབ་ཁྲིད་སློབ་ཁང་རེད། པར་བ་བསྟན་འཛིན་ཉི་མ་ཆོས་གྲུབ་ཀྱིས་པར་བླངས།  

《གསོ་རིག་རྒྱུད་བཞི》ཞིབ་འཇུག་གླིང་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་སྣེ་ཁྲིད་དེ་གྲབས་འཛུགས་བྱས་པའི་ནང་ཁུལ་དུ་བཙུགས་པའི་རིག་གཞུང་ཞིབ་འཇུག་ལས་སྟེགས་ཤིག་ཡིན་ཞིང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དེ་རྒྱལ་ཡོངས་སུ་ཟུར་དུ་བཙུགས་པའི་བོད་ལུགས་གསོ་རིག་གི་མཐོ་རིམ་སློབ་གྲྭ་གཅིག་པུ་དེ་ཡིན་པའི་ཆ་ནས་ལོ་ངོ35རིང་གི་སློབ་གཉེར་གྱི་ལོ་རྒྱུས་ལྡན་ལ།《གསོ་རིག་རྒྱུད་བཞི》ནི་སློབ་གྲྭ་དེའི་སློབ་ཁྲིད་ཀྱི་བསྟན་བཅོས་གཙོ་བོ་ཞིག་རེད། མིག་སྔའི་བར། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་རིམ་རྩིས་བྱས་ན་བོད་ལུགས་གསོ་རིག་གི་ཆེད་ལས་ཤེས་ལྡན་མི་སྣ8000ལྷག་ཙམ་གསོ་སྐྱོང་བྱས་ཡོད་པ་རེད།    

བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ཚན་ཞིབ་ཁྲུའུ་ཡི་ཁྲུའུ་ཀྲང་ངམ་དགེ་རྒན་ཆེན་མོ་ནོར་བུ་དོན་འགྲུབ་ཀྱིས“ཞིབ་འཇུག་གླིང་བཙུགས་རྗེས་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་དང་མཁས་དབང་སྒྲིག་འཛུགས་བྱས་ཏེ《གསོ་རིག་རྒྱུད་བཞི》ལ་ཞིབ་འཇུག་གཏིང་ཟབ་དང་བརྒྱུད་རིམ་ལྡན་པའི་ངང་ལེགས་སྒྲིག་བྱས་ཏེ་འབྲེལ་ཡོད་ཚད་ལྡན་ཡིག་ཆའི་དཔྱད་གཞིའི་ཡིག་རིགས་རྩོམ་སྒྲིག་དང་ཞིབ་འཇུག་གྲུབ་འབྲས་དཔེ་སྐྲུན་བྱ་རྒྱུ་ཡིན་པར་མ་ཟད།   《གསོ་རིག་རྒྱུད་བཞི》ཁྱབ་གདལ་སློབ་གསོའི་བྱ་བ་སྔར་ལས་ལྷག་པའི་སྒོ་ནས་སྤེལ་ཏེ་བདེ་ཐང་ཀྲུང་གོར་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུ་ཡིན་པར་གསུང་།”

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号