སྐྲ་ལུང་།
ཨ་ཁུ་ཆེ་བའི་བུ་མོ་གཉིས་པ་གནས་ཡུལ་འགྲིམ་རན་ལ་ཐོན་སོང་། ཉིན་འགའི་སྔོན་ལ་ང་ལ་ཁ་པར་ཡོང་སྟེ། ངས་ཀྱང་སྲིང་མོ་བསྐྱལ་ནས་གནས་ཡུལ་ལ་ཨ་ཞང་དུ་འགྲོ་དགོས་ཟེར། ངས་དེར་ཉིན་དུ་འགོར་བར་དྲིས་པ་ན། ཨ་ཁུས། སྟོན་མོར་འཚམས་འདྲི་དང་། བག་མ་སྐྱེལ་བ། ཨ་ཞང་ལ་ཕེབས་ཏེ་སྟོན་མོར་རོལ་བ་བཅས་ཁྱོན་ཉིན་བཞི་དགོས་ཟེར། ངས་ཞིབ་རྩིས་ཤིག་བརྒྱབ་པ་ན། སྟོན་མོར་འཚམས་འདྲིའི་ཉིན་གཅིག་དང་། བག་མ་སྐྱེལ་བར་ཉིན་གཅིག དུས་རྒྱུན་གྱི་ཉིན་གཉིས་ལ་ད་དུང་གནང་བ་ཞུས་ནས་སྟོན་མོར་འགྲོ་དགོས། ཁུལ་ཨུའི་བརྡ་ཁྱབ་ལྟར་ན། གཟའ་པ་སངས་ཉིན་ཚོགས་འདུ་གལ་ཆེན་ཞིག་ཡོད་པས་མི་གཅིག་ཀྱང་ཆད་མི་ཆོག་ཟེར། ཡིན་ནའང་། སྲིང་མོ་གནས་ལ་འགྲོ་བའང་། ངའི་མི་ཚེའི་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་ཡིན་པ་དང་། ཨ་ཁུས་དེ་བས་སེམས་སྟེང་ནས་ཕེབས་བསུ་བྱེད་བཞིན་ཡོད་པས། ངས་ཅི་ལྟར་བྱེད་དགོས་སམ། མཚོ་བགམ་ཚུལ་གྱིས་ལས་ཁུངས་ཀྱི་མགོ་ཁྲིད་ཞལ་ནས་ཅི་གསུངས་ལ་ཉན་མོད། ཡིན་ནའང་འགོ་ཁྲིད་ཀྱིས་དོན་དེའི་ཁུལ་རིམ་པའི་ཐེངས་འདིའི་ཚོགས་འདུའི་བཀོད་འདོམས་པར་འདྲི་དགོས་ཟེར་བས། བསྒྲུབས་སླ་བ་ཞིག་མ་རེད། འགོ་ཁྲིད་ཀྱིས་དེ་ལྟར་བཤད་པའི་དབང་གིས། ངས་གནང་བ་ཞུ་རྒྱུའི་དོན་དེ་མི་བསྐྱུར་རང་བསྐྱུར་བྱས། རེད་མོད་ཀྱང་། སྲིང་མོ་གནས་ལ་འགྲོ་བའི་ཉིན་དེ་གཟའ་ཉི་མར་འཁེལ་བས། གལ་ཏེ་དུས་ལྟར་ཕྱིར་ལོག་ཚེ། གཟའ་མིག་དམར་ཉིན་གྱི་ལས་ཚོགས་ལ་བར་ཆད་མི་བྱེད། དེ་ལྟར། ངས་སྟབས་བདེའི་ངང་བྱ་བའི་གྲ་སྒྲིག་ཞིག་བྱས་ཏེ། གཟའ་སྤེན་པའི་ཉིན་གུང་དུ་ཕ་ཡུལ་ལ་འབྱོར།
ཨ་ཁུ་ཆེ་བའི་ཁྱིམ་ནས། སྔོན་ལ་འཚམ་འདྲིར་ཡོང་བའི་མགྲོན་པོ་ཚོས། ལ་ལས་ཇ་འཐུང་བ་དང་། ལ་ལས་ཤ་ཟ་བ། ལ་ལས་མཛུབ་གུ་རྩེ་ལ། འཚོ་བའི་ནང་གི་ཕོ་གཞོན་མོ་གཞོན་ཚོས། ལ་ལས་འགྲུལ་བསུ་བྱེད་པ་དང་། ལ་ལས་བག་གསར་ལ་མག་གསར་ཚོང་དུ་སོང་ན་གང་དག་ལ་མཉམ་འཇོག་དགོས་པ་བསླབ་ཀྱིན་ཡོད། ལ་ལས་ཕྱི་ཉིན་གྱི་རླངས་འཁོར་བཀོད་སྒྲིག་བྱེད་པ་དང་། ལ་ལས་བར་བ་དར་རྒྱས་ཡོང་བར་སྒུག་འདུག
འགྲུལ་བ་རྣམས་གྲོལ་རྗེས། ཨ་ཁུས་ཚོ་བའི་ནང་གི་མནའ་མ་བསྐྱེལ་བའི་ཨ་ཞང་ཚོ་ལ་འབྲེལ་ཡོད་ཀྱི་བྱ་བར་གྲོས་བསྡུར་བྱས། མནའ་མ་སྐྱེལ་བའི་འགྲུལ་བ་དེ་དག་ལས་བག་རོགས་ནི་རང་གི་ཨ་ཅེ་ཡིན་པ་ལས་གཞན། མང་ཆེ་བ་ནི་ཚོ་བའི་ནང་གི་རྒན་པ་དང་རུས་མཉམ་གྱི་ཕོ་རྒོད་དག་རེད། ཚང་མ་མཉམ་དུ་འཛོམས་རྗེས། མིང་ལ་རྒྱ་གོ་ཟེར་བ་ཞིག་ཕྱི་ཉིན་གྱི་མགྲོན་པོའི་ཁ་འགོ་བར་བསྐོས་ཤིང་། རྒྱ་གོས་ཨ་ཞང་ལ་ཆས་དུས་གནད་དོན་གང་དག་ལ་མཉམ་མཇོག་དགོས་ཚུལ་སོགས་ཁ་བརྡ་བྱས། ཉི་མ་རི་ལ་ནུབ་ཁར། མནའ་མ་བསུ་བར་ཡོང་བའི་འཇེམ་འཁོར་སྡེ་བའི་འདབས་སུ་ཐོན་ལ། རླངས་འཁོར་ལས་ཕལ་ཆེར་ལོ་ན་ཉི་ཤུ་ལྷག་ཙམ་གྱི་གསར་བུ་ཞིག་ཕྱིར་བུད། ཁོའི་ལུས་ལ་བོད་ལྭ་གྱོན་ཞིང་། མགོར་རྨ་བྱའི་སྒྲོ་བཙུགས་ཡོད་པའི་གུས་ཞྭ་གོན་ལ། གོང་བར་བལ་དཀར་དང་ཁ་བཏགས་དཀར་པོ་དཀྲིས་ཡོད་པའི་གཡང་མདའ་ཞིག་བཏགས་འདུག དུས་དེར། བུད་མེད་དང་བྱིས་པ་ཚོར་དགའ་ཚོར་ཆེན་པོ་བྱུང་བས། ཁོ་ཚོས་གཅིག་རྗེས་གཉིས་མཐུད་ངང་ཆུ་གཞོང་འཁྱེར་ཡོང་ནས་དར་རྒྱས་ཆུར་བངས་རྒྱུར་གྲ་སྒྲིག་བྱས། ཆུ་ཕོ་རྗེས། དར་རྒྱས་དང་རྒྱ་གོ་གཉིས་ཀྱིས་ཕན་ཚུན་ཕྱོགས་གཉིས་ཀའི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་ནུབ་འཚལ་འཐུང་།
མཉམ་དུ་དགོང་ཟས་ཟོས་རྗེས། བག་རོགས་དང་བུད་མེད་གཞན་དག་གིས་བག་གསར་གྱི་སྐྲ་ཤད་མགོ་བརྩམས། མོ་ཚོའི་ལག་ཏུ་སོ་གཉིས་ཅན་གྱི་ཤིང་བཟོས་སོ་མང་ཐོགས་ཏེ། བག་མར་བུ་མོའི་ཐོབ་ཐང་མཚོན་པའི་དར་ཚོན་སྣ་ལྔས་བརྒྱན་པའི་ལན་བུ་བཅུ་གསུམ་བསླས་བྱུང་བ་དེ། ཡང་ཕྱོགས་གཉིས་ཕྲ་ཞིང་དཀྱིལ་སྦོམ་པའི་བུད་མེད་དར་མ་མཚོན་བྱེད་རལ་བ་གསུམ་ཅན་དུ་བསླས་པ་དང་། རལ་སྣེར་ཕྱི་ཉིན་ཞོགས་པར་ཧ་རེ་འདོགས་སྤྱད་གོས་སྐུད་བསྐྱུར་བཞག་པ་རེད།
ངའི་ཨ་ཁུ་ཡང་མགྲོན་པོའི་ཁོངས་མིའི་གྲས་ཡིན་པ་མ་ཟད། དེའི་ཁྲོད་ཀྱི་མི་སྣ་གལ་ཆེན་ཡང་ཡིན་མོད། འོན་ཀྱང་དགོང་མོ་དེར་ཁོང་གིས་ཞང་ཚང་བསྡུས་ནས་ཁ་འགོ་བ་གཏན་འཁེལ་བྱས་རྗེས་ཟ་མ་ཡང་མི་ཟ་བར་སྔ་མོ་ནས་ངལ་གསོ་རུ་ཆས་སོང་།
ངས་ཨ་ཁུའི་རྣམ་འགྱུར་དེ་ཧ་མ་གོ། ཁྱིམ་དུ་ལོག་རྗེས་ཕ་ལགས་ལ། དེ་རིང་བཀྲ་ཤིས་པའི་ཉིན་མོར་ཨ་ཁུ་སྔ་མོ་ནས་ཉལ་བར་ཕྱིན་པ་གང་ཡིན་ནམ་ཞེས་དྲིས། ཨ་ཕས། ཁོང་ཉིན་འདི་དག་ལ་བྲེལ་བ་ཆེ་བས་ལུས་པོ་ཐང་ཆད་པ་མི་བཤད། ད་དུང་རང་གི་བུ་མོ་གནས་ལ་སྐྱེལ་དགོས་པའི་རྐྱེན་གྱིས་སེམས་སྡུག་བཞིན་འདུག་ཟེར།
ཨ་ཕའི་སྐད་ཆ་གཅིག་གིས་ངའི་སེམས་ཀྱང་སྡུག་གིས་འཁེངས།
གཉེན་སྒྲིག་ནི་ན་སོ་དར་ལ་བབས་པའི་ཕོ་མོ་ཚང་མའི་རང་དབང་གི་གདམ་ག་ཞིག་ཡིན་རུང་། གནས་འགྲོ་མ་ཞིག་ཡིན་པའི་ངོས་ནས་བཤད་ན། གནས་ལ་སོང་ཉིན་ནས་བཟུང་། རང་ཉིད་ལོ་མང་རིང་གཅིག་ལ་གཅིག་བརྟེན་གྱི་ཁྱིམ་ཚང་དང་ཁ་བྲལ་ནས་རང་རྐྱ་འཕེར་བའི་ངང་འཚོ་བར་འཐམས་པ་དང་། མི་ཚེའི་ལམ་བུ་གཞན་ཞིག་ཏུ་བསྐྱོད་མགོ་བརྩམས་པས་ཨ་ཁུའི་སེམས་སྡུག་ཀྱང་གནས་ལུགས་ཀྱི་ཁྲོད་དུ་གནས་ཡོད།
ཉིན་གཉིས་པའི་ཞོགས་པར། ང་ཨ་ཁུ་ཚང་ལ་སོང་། ཨ་ཁུ་ཚང་གི་སྒོ་འགྲམ་དུ་མི་བཅུ་ལྷག་ཙམ་སྡོད་ཐུབ་པའི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཤིག་དང་ཆེད་དུ་མནའ་མ་བསུ་སྤྱད་རླངས་འཁོར་ཆུང་གྲས་ཤིག་བཞག་ཡོད་ལ། རླངས་འཁོར་སྔོན་གྱི་ཤེལ་སྒོའི་འདབས་སུ་དར་དམར་གྱིས་བཟོས་པའི་པདྨའི་མེ་ཏོག་འཐེན་ཡོད། ངས་ཉེ་འགྲམ་གྱི་ཨ་ཁུ་ལ། རྟ་མི་དགོས་སམ་ཞེས་པར། ཨ་ཁུས། ལོ་ཉི་ཤུའི་གོང་སྟེ་ཁྱོད་གཉེན་སྒྲིག་བྱེད་པའི་ལོ་རབས་དེར་མི་རྣམས་ཀྱིས་སྲོལ་རྒྱུན་གྱི་རྟ་ལ་བརྟེན་ནས་མནའ་མ་བསུས་ཤིང་སྐྱེལ་བ་དང་། ཕྱིས་སུ་ལག་སྐྱོར་འདྲུད་འཐེན་འཁོར་ལོ་སྤྱད། ད་ལྟ་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་ཞིང་འགྲིམ་འགྲུལ་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་དང་མཉམ་དུ་རླངས་འཁོར་ཆུང་གྲས་སྤྱོད་རྒྱུ་འགྲན་བསྡུར་བྱེད་ཀྱི་ཡོད་ཅེས་སྨྲ་བཞིན་དུ་ང་ལ་ཁྱིམ་གྱི་མགྲོན་པོ་སྣེ་ལེན་བྱེད་དུ་བཅུག ཁྱིམ་དུ་ད་དུང་ཉིན་དང་པོར་ཐོན་མེད་པའི་མགྲོན་པོ་དག་རྟེན་འབྲེལ་ལེགས་སྐྱེས་འབུལ་དུ་ཡོང་བཞིན་འདུག ཨ་ནེ་སྔ་མོ་ལངས་ནས་མཆོད་ཁང་དུ་མཆོད་འབུལ་བྱེད་པ་དང་། ཨ་ཁུས་གཉེན་སྐྱེལ་བར་བཀོལ་བའི་དཀར་ཡོལ་དང་ཤུག་ལོ་གྲ་སྒྲིག་བྱེད་བཞིན་ཡོད། ཁོང་གིས་འབྲུག་དཀར་ཞིག་གི་ནང་དུ་སྐམ་ནས་ཕུར་ཕུར་བྱས་པའི་ཤུག་པའི་ལོ་མ་ཉུང་ཙམ་བཞག་པ་དང་། དཀར་ཡོལ་གྱི་ཁའི་ཕྱོགས་གསུམ་ལ་མར་ཉུང་ཙམ་གྱིས་བརྒྱན་པའི་ནང་ཆུ་དྭངས་མོ་བླུགས་རྗེས། ཤུག་པའི་ཡལ་ག་ཞིག་གི་ཐོག་ཏུ་བལ་དཀར་པོ་དཀྲིས་ནས་སྒམ་ཐོག་ཏུ་བཞག་པ་རེད།
ཡུད་ཙམ་མ་སོང་བར་གཉེན་སྐྱེལ་མཁན་མགྲོན་པོ་ཚོ་གཅིག་རྗེས་ཉིས་མཐུད་ངང་བསླེབས་ལ། ཚང་མའི་ལུས་ལ་བོད་ཆས་གྱོན་པ་དང་མགོ་ལ་གུས་ཞྭ་གྱོན་པས་རྔམ་བརྗིད་ལྡན་པ་ཞིག་འདུག བག་རོགས་ཀྱིས་བག་གསར་ལ་ཧ་རེ་དང་རྣ་རྒྱན། གསེར་དངུལ་གྱི་རྒྱན་ཆ་གཞན་དག་བཏེགས་རྗེས་རྒྱན་གོས་གྱོན་ལ། འཕྲོར་ད་དུང་དཔྱིད་མགོའི་མེ་ཏོག་གི་རི་མོའི་གཙགས་དྲུབ་ཕབ་པའི་གདོང་ཁེབས་གཡོགས། དེའི་རྗེས་རང་ཉིད་ཀྱིས་ཀྱང་གཟབ་མཆོར་གང་ལེགས་སྤྲས་པ་རེད། མོས་ཤེས་ཏེ། དེ་རིང་གི་མི་སྣ་གཙོ་བོ་ནི་བག་གསར་ཡིན་མོད། འོན་ཀྱང་ངོ་ཚ་བའི་བག་གསར་གྱིས་གནས་སྐབས་སུ་ད་དུང་གདོང་མི་སྟོན་པས། མི་རྣམས་ཀྱིས་སྔར་ལས་མང་བའི་མིག་མདའ་རང་ཉིད་ཀྱི་སྟེང་དུ་འཕངས་སྲིད་པ་དེ་རེད།
དྲོས་ཇ་འཐུང་རྗེས་ཉི་མ་ནུབ་ཕྱོགས་སུ་བཞུད་མགོ་བརྩམས། རྒྱ་གོ་ཡིས་ང་ལ་བག་གསར་ཚོ་ལམ་ལ་མ་ཆས་སྔོན་གྱི་གྲ་སྒྲིག་གནས་ཚུལ་ལ་བལྟ་རུ་བཅུག ངས་བག་གསར་དུ་གྱུར་བའི་ནུ་མོ་ལ་ཁོ་བོར་དོན་དག་ཡོད་པས་མོ་དང་མཉམ་དུ་དགའ་སྟོན་ལ་འགྲོ་མི་ཐུབ་པ་གསལ་བཤད་བྱས། མོས་སེམས་ནས་མི་བཟོད་ཅིང་ཡི་ཆད་ཀྱི་རྣམ་འགྱུར་མངོན། ངས་རྗེས་ཕྱོགས་ཁོམ་པ་ཡོད་དུས་ངེས་པར་དུ་མོ་ལ་བལྟ་རུ་ཡོང་རྒྱུའི་གཡར་དམ་བཅས་པས་མོ་ད་གཟོད་དགའ་སྤྲོ་སྐྱེས་བྱུང་། ངས་བག་རོགས་ལ་གྲ་སྒྲིག་བྱས་ཚར་རམ་ཞེས་པར། བག་རོགས་ཀྱིས། གྲ་སྒྲིག་བྱས་ཚར་ཟེར། རྒྱ་གོས་ཤེས་རྗེས་ལག་པ་གཡུག་བཞིན་ཚང་མ་ལམ་དུ་ཆས་ཞེས་ཟེར།
དེ་མ་ཐག་བུད་མེད་བཅུ་ལྷག་གིས་ཕྱིར་སྣུར་བྱེད་པའི་བག་གསར་བསྐོར་ནས་ནང་གི་ཚ་ཐབ་སྟེང་ནས་བག་གླུ་ལེན་བཞིན་ཕྱི་རར་བསླེབས། བག་གསར་གྱི་ངུ་སྐད་ཀྱིས་མི་སེམས་སྐྱོ་རུ་བཅུག རྒྱ་གོས་ལག་གཡོན་པས་ཤུག་ལོ་འཕངས་ཡོད་པའི་དཀར་ཡོལ་འབྲུག་མ་བཟུང་བ་དང་། ལག་གཡས་པས་བལ་དཀྲིས་པའི་ཤུག་པའི་ཡལ་ག་བཟུང་སྟེ་གཉེན་སྐྱེལ་རུ་ཁག་གི་སྣེ་ཁྲིད་དེ་སྒོ་རའི་ནང་སྐོར་བ་རྒྱག་བཞིན་ཡོད། ཁོས་ཤུག་པའི་ཡལ་གས་དཀར་ཡོལ་ནང་གི་ཆུ་གཙང་མ་མཆོད་ཞོར་དུ་། བུ་མོ་ཡ། ཁྱིམ་དུ་ཤོག བུ་མོ་ཡ། ཁྱིམ་དུ་ཤོག ཅེས་གཡང་འབོད་བྱས། མི་རྣམས་ཀྱིས་འདི་ནི་ཤ་རུས་ཁ་བྲལ་བའི་སྡུག་བསྔལ་གྱི་དུས་སྐབས་ཤིག་ཡིན་པས་བུ་མོའི་ཨ་མ་ཁང་བའི་ཕྱི་རུ་ཡོང་དུ་མ་བཅུག རུ་ཕྲེང་ནང་ཞུགས་པའི་ཨ་ཁུའི་གདོང་དུ་སྐབས་དེར་མཆི་མས་ཡོངས་སུ་གཡོགས་འདུག དེ་ལྟར་དུས་ཚོད་ཀྱི་འཁོར་ཕྱོགས་ལྟར་སྐོར་བ་གསུམ་བརྒྱབ་རྗེས་ད་གཟོད་སྒོར་ཕྱིན་སོང་།
བག་གསར་བསྐྱེལ་རྗེས། ང་བྲེལ་འཚུབ་ངང་ཁུལ་དུ་ལོག་ལ། གཟའ་ཟླ་བའི་ཞོགས་པར་སྔ་མོར་ལས་ཚོགས་སུ་སོང་།
གཟའ་ཟླ་བའི་གྲོས་ཚོགས་ནི་དངོས་གནས་ཧ་ཅང་གལ་ཆེན་ཞིག་རེད་དེ། ལས་བྱེད་པ་མང་པོའི་མི་ཚེའི་ཁེ་ཕན་དང་འབྲེལ་བ་ཡོད། ཚོགས་འདུའི་བརྗོད་དོན་ནི་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་གི་རྫོང་དཔོན་གཞོན་པ་དང་། རྫོང་དཔོན་དང་པོ། ཐིན་གཞོན་པ་རིམ་པའི་ལས་བྱེད་པའི་རྒྱུད་འཛིན་མི་སྣ་ཁ་ཤས་གྲ་སྒྲིག་འདེམས་བསྐོ་བྱ་རྩིས་ཡིད་པ་དེ་ཡིན་པས། ཚོགས་འདུའི་ནང་དོན་ཞིབ་ཕྲ་སྔོན་ལ་བརྡ་ཐོ་མ་བཏང་ཞིང་། མི་གཏོང་དོན་ནི་མི་ཁ་ཤས་ཀྱིས་སྒེར་གྱི་ཁེ་ཕན་གྱི་ཆེད་དུ་འདེམས་ཤོག་འཐེན་ནས་ཚུལ་མིན་གྱི་སྤྱོད་ཚུལ་སྤེལ་བར་སེམས་ཁྲལ་བྱས་པ་དེ་རེད།
ཚོགས་འདུ་གཙོ་སྐྱོང་བྱེད་མཁན་འགོ་ཁྲིད་ཀྱིས་ཚོགས་འདུའི་ནང་དོན་དང་བླང་བྱ་ཁྱབ་བསྒྲགས་བྱས་རྗེས། ཚོགས་ར་ཡོངས་ལ་ལག་ཐོགས་ཁ་པར་གྱི་སྒོ་གཏན་དགོས་པའི་བཀའ་ནན་བཏང་སྟེ། ལས་བྱེད་མི་སྣར་འོས་སྦྱོར་བྱས་པའི་ལས་བྱེད་པའི་གཞི་རྩའི་གནས་ཚུལ་རེའུ་མིག་དང་འདེམས་ཤོག་སྤྲད་པ་རེད། ངས་ཐོག་མར་མིང་ཐོ་མང་པོའི་ནང་ནས་རང་ཉིད་ཀྱི་མིང་བཙལ་ནས་རྙེད་རྗེས་ངོ་སྤྲོད་བྱས་ཡོད་པའི་གནས་ཚུལ་ལ་ཞིབ་ལྟ་བྱས་པ་སྟེ། རྒྱ་མཚོ། ཕོ། བོད་རིགས། སློབ་ཆེན་བསླབ་གནས། ཀྲུང་གུང་ཏང་ཡོན། ལོ་ཟླ་གང་དུ་སྐྱེས་པ་དང་། སྔོན་རྨ་ལྷོ་རྫོང་དར་ལག་ཡུལ་ཚོའི་སྲིད་གཞུང་གི་ཡུལ་དཔོན་དང་། ཡུལ་ཚོའི་ཨུ་ལྷན་གྱི་ཧྲུའུ་ཅི། ད་ལྟ་གསེར་ཆེན་ཁུལ་ཨུ་ལྷན་དྲིལ་བསྒྲགས་པུའུ་དྲིལ་བསྒྲགས་ཁའོ་ཡི་ཁའོ་ཀྲང་། ཁའོ་དང་པོ་རིམ་པའི་ལས་གནས་ལས་ལོ་ལྔ་བརྒལ། ཉེ་ཆར་ལོ་གསུམ་ནང་གི་དཔྱད་འཇོག་ཚད་ལྡན། དཔྱད་རྩོམ་དང་རྩོམ་ཡིག་མི་ཉུང་བར་དགའ་རྟགས་ཐོབ། རང་ཉིད་ངོ་སྤྲོད་ལ་བལྟས་རྗེས་ཕན་ཚུན་ཆ་རྐྱེན་དང་མཐུན་པའི་མི་སྣ་གཞན་དག་དང་སྡུར་ན། མི་སྣ་དེ་ཚོའི་ནང་དུ་རབ་འབྱམས་པ་དང་། ཞིབ་འཇུག་སློབ་མ། ཐ་ན་འབུམ་རམས་པའི་སློབ་མའང་ཡོད་ལ། ལ་ལར་ད་དུང་ཞིང་ཆེན་རིམ་པ་ཡན་གྱི་ལས་ཁུངས་ཀྱི་ངལ་རྩོལ་དཔེ་བཟང་གི་བྱ་དགའ་ཐོབ་འདུག རེད་དེ། དེ་ལྟར་མི་མང་ཆེ་བ་དང་ངའི་གནས་ཚུལ་ནི་ཕལ་ཆེར་འདྲ་སྟེ། མི་འདྲ་ས་ནི་ང་ལ་རྩོམ་ཡིག་གི་བྱ་དགའ་ཐོབ་པའི་གནས་ཚུལ་ལྷག་མ་ཡོད་པ་ཙམ་རེད། ད་དུང་བལྟས་ཚར་མེད་དུས། ངའི་ལག་ཏུ་ཤོག་ཤུར་ཞིག་འབྱོར་བྱུང་། དེ་ནི་སྒྲོལ་མས་བྲིས་པ་རེད། ཁོ་མོས་ང་ལ་ཉེ་འཁོར་གྱི་ངོ་ཤེས་ཁྲོད་ནས་འདེམས་ཤོག་འཕེན་མཁན་འགའ་འགུགས་དགོས་ཚུལ་དང་། ཁོ་མོས་ཀྱང་འདེམས་ཤོག་འཕེན་མཁན་འགའ་བཀུག་སྟེ། ཐོག་མའི་འདེམས་བསྐོ་བདེ་བླག་ངང་འགྲུབ་པར་ཁག་ཐེག་བྱེད་དགོས་ཞེས་བྲིས་འདུག ངས་བལྟས་མ་ཐག་འདང་ཅི་ཡང་མ་བརྒྱབ་པར་ཁོ་མོར་ཕྱིར་ཤོག་ཤུར་ཞིག་འདི་ལྟར་བསྐུར་བ་ཡིན། དེ་ནི་སྒྲིག་འགལ་གྱི་བྱ་སྤྱོད་ཅིག་ཡིན་པས། གཏན་ནས་དེ་ལྟར་བྱེད་མི་ཆོག་ཅེས་དང་། གལ་ཏེ་དོན་དག་འདིའི་ཐད་ལ་གནད་དོན་འདྲ་བྱུང་ཚེ་རང་ཉིད་ཀྱིས་འགན་འཁུར་དགོས་ཅེས་བསླབ་པ་ཡིན། ཅུང་མ་འགོར་བར་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་སྒྲོག་འདོན་པ་གཉིས་བདམས་པ་རེད། འདེམས་ཤོག་འཕེན་འགོ་བརྩམས་བྱུང་། མི་ཚང་མས་རང་ཉིད་ལ་ཡིད་ཆེས་ཡོད་པའི་མིང་ཐོའི་མདུན་དུ་ཐིག་ལེ་བཀོད། འདེམས་ཤོག་འཕངས་ཚར་རྗེས། འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་སྒྲོག་འདོན་པས་འདེམས་ཤོག་ལ་ལྟ་ཞིབ་དང་འདེམས་ཤོག་སྒྲོག་འདོན་བྱེད་བཞིན་ཡོད། སྟེགས་འོག་གི་མི་རྣམས་ཀྱི་ཁ་རྩོད་ཟངས་པའི་འབྲས་ཐུག་བཞིན་གདུས། མི་ལ་ལས་འགོ་ཁྲིད་ལས་བྱེད་པ་ཞིག་འདེམས་ན་ཅིའི་ཕྱིར་འདི་ལྟར་ལྐོག་གྱུར་བྱེད་དགོས་སམ་ཟེར། མི་ལ་ལས་ད་ལྟའི་ལས་ཁུངས་ཀྱི་ལུགས་སྲོལ་མི་བཟང་བས། གལ་ཏེ་འདི་ལྟར་མ་བྱས་ན་མི་ལ་ལས་ལོག་ལམ་སྤྱོད་ངེས་རེད་ཟེར།
ཅུང་ཙམ་འགོར་རྗེས། མཇུག་འབྲས་ཐོན་བྱུང་། ང་ཐོག་མའི་བདམས་མི་ཁྲོད་ཚུད་འདུག
ཁྱིམ་དུ་ལོག་རྗེས། ངས་སྒྲོལ་མ་ལ་ཁྱོད་ཀྱིས་འདེམས་ཤོག་འཐེན་རྒྱུ་ཅི་ལྟར་དྲན་པ་ཡིན་ཞེས་པར། སྒྲོལ་མས། གཙོ་སྐྱོང་པས་འགོ་ཁྲིད་ལས་བྱེད་པ་འདེམས་སྒྲུག་གི་ལས་ཀ་སྒྲུབ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་མ་ཐག མི་མང་པོ་ཞིག་གིས་ཞོལ་ནས་མགོ་གཏུགས་རྣ་གཏོད་དང་། དཔྱིད་འབུ་སྤོ་འགུལ་བྱེད་བཞིན་འདུག ངས་དེ་ནི་ཁོ་ཐག་རང་རང་ལ་འདེམས་ཤོག་འཕེན་གྲོགས་འགུགས་བཞིན་ཡོད་པ་རེད་འདོད་པས། ངས་ཀྱང་ཁྱོད་ལ་གསལ་བརྡ་ཞིག་བཏང་བ་ཡིན། དེ་ལྟར་མ་བྱས་ན་ཁྱོད་རང་འདེམས་ཁོངས་ལས་ཕུད་པར་སྐྲག་པ་ཡིན་ཞེས་ཟེར། ངས། ཁྱོད་ཀྱིས་དེ་ལྟར་བྱས་ན་རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་འགལ་བ་མ་ཡིན་ནམ། སྐབས་དེར་ང་ཡུལ་ཚོའི་འགོ་འཛིན་གཞོན་པར་འདེམ་བསྐོའི་སྐབས་སུ་འདེམ་ཤོག་འགའ་འཐེན་ཆེད་ཅུང་ཙམ་མིན་ན་ནོར་འཁྲུལ་བཟོས་སོང་། བསླབ་བྱ་དེ་ད་དུང་གཏིང་ཟབ་པོ་མེད་དམ་ཞེས་སྐད་ཆ་གཅིག་གིས་སྒྲོལ་མར་ཁ་གྲགས་རྒྱུ་མེད་པར་བཏང་།
འདེམས་ཤོག་གི་གྲངས་འབོར་མང་དུ་ཕྱིན་ཡོད་མོད། འོན་ཀྱང་འདེམས་མི་ཁྲོད་དངོས་སུ་ཚུད་ཐུབ་མིན་ད་དུང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་དང་། ལས་འགན་མ་འཁུར་གོང་གི་ཁྱབ་བསྒྲགས་སོགས་ཀྱི་བརྒྱུད་རིམ་བརྒྱུད་དགོས། ངས་རེ་བ་ཆེན་པོས་སྒུག་ནས་བསྡད། འོན་ཀྱང་སྒུག་ནས་ཡོང་བ་ནི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བརྟག་དཔྱད་རེད། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མིས་ང་ལ་འདེམས་ཤོག་འཕེན་སྐབས་ཆུང་མ་དང་ཤོག་ཤུར་བརྒྱུད་སྤྲོད་བྱས་ཡོད་མེད་དང་འདེམས་ཤོག་འཐེན་མྱོང་ཡོད་མེད་དྲིས། ངས་དྲང་མོར། ང་ལ་ཆུང་མའི་ཤོག་ཤུར་འབྱོར་རྗེས་མི་འགྲིག་པ་རྟོགས་ཤིང་ཁོ་མོར་སྐྱོན་བརྗོད་ཐེངས་གཅིག་བྱས། ང་ཚོ་ཚང་མས་འདེམས་ཤོག་འཐེན་པའི་བྱ་བ་མ་བསྒྲུབས་ཞེས་པར། བརྟག་དཔྱད་མི་སྣས་ང་ལ་སྐབས་དེའི་ཤོག་ཤུར་དེ་འདོན་དུ་བཅུག ངས་ཆུང་མས་སྐབས་ཐོག་དེར་དེ་གར་ཧྲུག་རིལ་དུ་བཏང་ནས་གཡུགས་ཟིན་ཞེས་པར། བརྟག་དཔྱད་མི་སྣས། ད་ཐེངས་ཀྱི་སྤྱི་དམངས་འདེམས་བསྐོ་ཁྲོད་ཁུལ་ཨུས་གསང་སྲུང་གི་ལས་དོན་འབོར་ཆེན་བསྒྲུབས་ཡོད་མོད། འོན་ཀྱང་སྔར་བཞིན་འདེམས་ཤོག་འཐེན་པའི་གནས་ཚུལ་ཐོན་འདུག ད་ཐེངས་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་དེ་རིགས་ལ་ཞིབ་བཤེར་ནན་ཏན་བྱས་ནས། གཞི་འཛིན་ས་དངོས་ཡོད་ན་སྐྱོན་བརྗོད་དང་སློབ་གསོ་བྱེད་པ་ཕུད། ད་དུང་འདེམས་བསྐོའི་ཐོབ་ཐང་མེད་པར་བཟོ་རྒྱུ་ཡིན། ཁྱོད་ཀྱིས་ཀྱང་བསམ་བློའི་གྲ་སྒྲིག་ཡག་པོ་བྱོས་ཟེར།
ལས་ཚོགས་གྲོལ་ནས་ཁྱིམ་དུ་ལོག་རྗེས། ངས་སྒྲོལ་མས་ང་ལ་དཀའ་ལས་བཟོས་པར་སྐྱོན་བརྗོད་བྱས། སྒྲོལ་མས་ལས་ལོག་ཏུ་གྱུར་བ་ཤེས་རྗེས་རང་ཉིད་ལ་ལེ་བདའ་བྱེད་པ་ལས་རྩོད་གླེང་གི་སྐད་ཆ་ཚིག་གཅིག་ཀྱང་མི་བཤད། ངས་མོའི་རྣམ་འགྱུར་དེ་མཐོང་བས་སེམས་སྙི་རུ་ཕྱིན་ཞིང་། ཁོ་མོར། ད་རང་གིས་རང་ལ་ལེ་བདའ་མ་བྱེད། ང་ཚོས་ལས་དབང་ཁས་བླངས་པས་ཆོག་ཅེས་བཤད། འོན་ཀྱང་མོས་ད་དུང་རང་ཉིད་ལ་གུ་ཡངས་གཏོང་མི་འདོད་དེ། ཅིའི་ཕྱིར་གནས་ཚུལ་འདི་འདྲ་ཞིག་བྱུང་བ་ཡིན་ནམ། འདེམས་ཤོག་འཐེན་འགུགས་བྱེད་མ་ཐུབ་པ་མ་ཟད་དེ་ལས་ལྡོག་སྟེ་གནད་དོན་དུ་གྱུར་བ་རེད། འདི་ང་ཚོས་དུས་རྒྱུན་དུ་ལྷ་མཆོད་བསང་མཆོད་དང་། སངས་རྒྱས་ལ་ཕྱག་མཆོད་མ་བྱས་པས་ལན་པ་ཡིན་ནམ་ཞེས་ཟེར།
ཉིན་གཉིས་པར་མོས་ངའི་ཁར་མི་ཉན་པར། ཉེ་འགྲམ་གྱི་དགོན་པའི་ནང་དུ་ལྷ་མཆོད་བསང་མཆོད་བྱེད་དུ་སོང་།
གཟའ་ཟླ་བའི་ལས་ཚོགས་ཚོགས་མ་ཐག ངའི་གཞུང་ལས་ཁང་དུ་རྒྱུས་ཅུང་ཙམ་མངའ་པའི་ལས་བྱེད་པ་ཞིག་འཛུལ་ཡོང་། དྲིས་པ་ན་ཁུལ་སྤྱི་བདེ་ཅུས་ཀྱི་རེད། ཁོས། ཤོག་ཤུར་འདི་ཁྱོད་དང་ཁྱོད་ཀྱི་ཆུང་མས་བྲིས་པ་ཡིན་ནམ་ཞེས་ཟེར་བཞིན་ང་ལ་ལྟེབས་གཉེར་ཆེ་ཞིང་རལ་ལ་ཉེ་བའི་ཤོག་ཤུར་ཞིག་བྱིན་བྱུང་། ངས་བལྟས་ཚེ། དེ་ནི་ཉིན་དེར་སྒྲོལ་མས་གཡུགས་པའི་ཤོག་ཤུར་དེ་རེད། ངས། འདི་ཁྱོད་ཀྱི་ལག་ཏུ་ཅི་ལྟར་ཚུད་པ་ཡིན་ནམ་ཞེས་པར། ཁོས། ཉིན་དེར་ཚོགས་འདུ་ཚོགས་སྐབས་ང་ཁོ་མོའི་འགྲམ་དུ་བསྡད་ཡོད། ངས་ཉེ་འགྲམ་གྱི་བུད་མེད་ཅིག་གིས་ཤོག་ཤུར་ཞིག་ཕར་བརྒྱུད་ཚུར་བརྒྱུད་བྱེད་བཞིན་པ་མཐོང་བས། སེམས་སུ་གསང་བའི་བྱ་འགུལ་སྤེལ་བཞིན་ཡོད་སྙམ་ནས་མཉམ་འཇོག་བྱས། ཚོགས་འདུ་གྲོལ་རྗེས་ཕྱི་རུ་འགྲོ་རྩིས་བྱེད་སྐབས། ངས་མོས་ཤོག་ཤུར་དེ་ཧྲུག་རིལ་ཏུ་བཏང་རྗེས་ས་ལ་གཡུགས་པ་མཐོང་བྱུང་། དེར་ཡ་མཚན་པ་དང་། དེ་བཞིན་ལས་རིགས་ཀྱི་ཚོར་བའང་སྐྱེན་པའི་དབང་གིས་ངས་དེ་ཡར་བླངས་ནས་རང་གི་ཁུག་མའི་ནང་དུ་བཅུག ཕྱི་ལ་སོང་ནས་བལྟས་ཚེ། མདུན་གྱི་ཡི་གེ་ནི་དངོས་གནས་བྱ་སྤྱོད་ཆུང་ཆུང་སྤེལ་བ་ཞིག་ཡིན་པས་ང་ཞེན་པ་ལོག་ཅིང་ཐེར་འདོན་བྱེད་པའི་ངར་ལངས་པར་གྱུར་མོད། ཡང་རྒྱབ་ངོས་ཀྱི་ཡི་གེ་ལ་བལྟས་དུས་མོས་གུས་བླ་ལྷག་བསྐྱེད་པ་སྟེ། སེམས་སུ་ད་ལྟ་ད་དུང་གཞུང་དྲང་གི་ལས་བྱེད་པ་འདི་འདྲ་ཡོད་དམ་ཞེས་སྙམ། སྤྱིར་ཡིན་ན་ངས་ལག་པ་འགུལ་བ་དང་བསྟུན་ནས་གང་སར་གཡུགས་འདོད་ཀྱང་། ཡང་ལས་རིགས་ཀྱི་ཚོར་བ་སྐྱེན་པའི་དབང་གིས་སྔར་བཞིན་ཉར་ཚགས་བྱས་ཤིང་། ནམ་ཞིག་ལ་བཀོལ་ཐུབ་ཀྱང་སྲིད་འདོད། རྗེས་སུ་ངས་ཤེས་པ་ཡིན་ན་བུད་མེད་དེས་ཁུལ་ཡིག་ཚགས་ཅུས་སུ་བྱ་བ་སྒྲུབ་བཞིན་ཡོད་ལ། ཁྱེད་ཚོ་ནི་ཁྱོ་ཤུག་གི་འབྲེལ་བ་རེད། ཉེ་ཆར་ངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཤོག་ཤུར་བརྒྱུད་ནས་འདེམས་ཤོག་འཐེན་པའི་ལས་བྱེད་པར་བརྟག་དཔྱད་བྱེད་པ་ཐོས་ཤིང་། ད་དུང་ཁྱེད་ཀྱང་དེའི་ནང་དུ་ཚུད་ཡོད་ཅེས་ཐོས་པས། གཞུང་དྲང་གི་མི་ལ་མ་ཉེས་ཁ་གཡོགས་མི་ཐེབས་པའི་ཆེད་དུ་ཆེད་དུ་ཤོག་ཤུར་འདི་བསྐྱལ་ཡོང་བ་ཡིན་ཟེར།
སྤྱི་བདེ་མི་སྣའི་གསལ་བཤད་ལ་ཉན་རྗེས། ང་སེམས་འགུལ་ཆེན་པོ་ཐེབས་ཤིང་ཁོ་ལ་བཀའ་དྲིན་ཞུས། ཁོའི་གཞོགས་འདེགས་འོག་ང་ཚོས་ཤོག་ཤུར་དེ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་བསྐྱལ།
ཉིན་འགའི་རྗེས་སུ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྩ་འཛུགས་སྡེ་ཁག་ཡོང་ནས་བཤད་རྒྱུར། དོན་དག་ལ་བརྟག་དཔྱད་གསལ་པོ་བྱས་ཟིན། ཁྱོད་ནི་མི་དྲང་ཞིང་རྩ་དོན་མཐའ་འཁྱོངས་བྱས་ཏེ། རྩ་འཛུགས་སྒྲིག་ཁྲིམས་ཀྱི་ཚོད་བགམ་ཐེག་ཐུབ་སོང་བས། ཐེངས་འདིའི་བདམས་ཐོན་ཁས་བླངས་བྱས་སོང་ཞེས་ཟེར།
འབའ་འབུར་ལ་བརྒྱབ་ན། བདེ་མོའི་ཐང་ལ་འབབ་སྲིད་པ་བཞིན། བསམ་ཡུལ་ལས་འདས་པའི་མཇུག་འབྲས་དེ་འདྲ་བྱུང་བ་རེད། ང་ཧ་ཅང་དགའ་སྟེ་གནས་ཚུལ་དེ་སྒྲོལ་མར་བཤད་པ་ན། སྒྲོལ་མས་གསོལ་བ་འདེབས་ཤིང་དགའ་སྤྲོ་ཆེན་པོས། ཅིའི་ཕྱིར་ཡང་དོན་དག་འདི་འདྲ་བྱུང་བ་ཡིན་ནམ། འདི་ནི་དགོན་པར་སོང་བའི་རྒྱུ་རྐྱེན་ཨེ་ཡིན་ནམ་ཟེར།
ངས་མྱུར་དུ་ཡོ་བསྲང་བྱས་ནས། ཉོག་གཏམ་མ་བཤད། ཡིན་པ་ནི་ང་ཚོ་འགན་སེམས་ཧ་ཅང་ཆེ་བའི་ཉེན་རྟོག་པ་བཟང་བོ་ཞིག་དང་འཕྲད་པས་ཡིན་ཞེས་བཤད།
དུས་ཚོད་སླར་ཡང་ལོ་གཅིག་གི་དཔྱིད་དུས་སུ་བསླེབས། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དྲིལ་བསྒྲགས་སྡེ་ཚན་བཀོད་སྒྲིག་བྱས་ཏེ། ཞིང་འབྲོག་གཉིས་ཀྱི་ཐད་ནས་དཔྱིད་རྨོ་ཐོན་སྐྱེད་དང་རྨོ་བསྐྱུར་རྩྭ་གསོ་བྱེད་པའི་གསར་འགྱུར་དྲིལ་བསྒྲགས་ལས་དོན་ལ་སྐུལ། རྫོང་དུ་དྲིལ་བསྒྲགས་པུའུ་ཡི་ལས་བྱེད་པ་ཚེ་ལོ་དང་རླུང་འཕྲིན་ས་ཚིགས་ཀྱི་ལས་བྱེད་པ་ཞའོ་ཚེ་གཉིས་བདམས་ཤིང་པེ་ཅིན་ཅི་ཕུའུ་ཞིག་བཀོད་སྒྲིག་བྱས་ནས། ཞིང་འབྲོག་ལས་རིགས་གཙོ་གཉེར་བྱེད་མཁན་རྫོང་དཔོན་གཞོན་པ་ཞིག་གིས་རུ་སྣེ་དྲངས་ཏེ་ཡུལ་དངོས་བཅར་འདྲིའི་གནས་ཚུལ་སྤེལ་རྒྱུ་བྱས།
མི་སྣ་དང་ལས་འགན་དོན་འཁྱོལ་བྱས་རྗེས། འགར་ཁྲི་ཡུལ་ཚོའི་ཨྱོན་ཚེ་ཧྲུའུ་ཅི་ལོའི་ཁྱིམ་དུ་གནས་ཚུལ་ཞིབ་ཕྲ་རྒྱུས་ལོན་བྱེད་དུ་ཡོང་།
ཨྱོན་གྱིས། ཚེ་ལོ། ད་ཐེངས་ཁྱེད་ཚོ་གྲོང་གསེབ་ཏུ་ཆེད་དུ་ཡུལ་དངོས་བཅར་འདྲིའི་གནས་ཚུལ་སྤེལ་དུ་འགྲོ་བ་ཡིན་ནམ་ཞེས་དྲིས།
ཚེ་ལོས། རེད་ཡ། ང་ཚོས་རྨོ་བསྐྱུར་རྩྭ་གསོའི་སྐོར་གྱི་བཅར་འདྲིའི་གནས་ཚུལ་སྤེལ་གཏོང་བྱེད་རྩིས་ཡོད་ཅེས་བཤད།
ཨྱོན་གྱིས་བློ་ཅུང་མི་བདེ་བའི་ངང་། ངས་བལྟས་ན་ད་དུང་ཞིང་འབྲོག་གཙོ་གཉེར་བྱེད་མཁན་རྫོང་དཔོན་གཞོན་པ་ཞིག་གིས་རུ་སྣེ་དྲངས་འདུག་ཟེར། ཡོང་དོན་མི་ཆུང་བར་ངེས། ང་སྐྲག་པ་མིན་ན་ལས་འགན་གཞན་ཡང་ཡོད་སྲིད་པར་ངེས་ཟེར།
ཚེ་ལོས་ཚོད་དཔོག་ངང་། ངས་གསལ་པོ་ཤེས་ཀྱི་མེད། ཞོར་དུ་མི་དམངས་འཐུས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱེད་ཀྱང་སྲིད་ཟེར།
ཨྱོན་གྱིས། རེད་ཡ། ངས་ཏག་ཏག་དོན་འདིར་སེམས་ཁུར་བྱེད་བཞིན་ཡོད་ཟེར།
ཚེ་ལོས་ཧ་ལས་པའི་ངང་། ཞིབ་བཤེར་བྱས་ན་ཞིབ་བཤེར་བྱས་མོད། དེར་སེམས་ཁུར་བྱེད་དགོས་དོན་ཅི་ཡོད་དམ་ཞེས་སྨྲས།
ཨྱོན་གྱིས་ཅུང་ཙམ་ཡིད་གཉིས་ཀྱི་ངང་ནས་རང་ཉིད་ཀྱིས་སེམས་ཁུར་བྱེད་དགོས་དོན་གླེང་།
མ་གཞིར། ན་ནིང་རྫོང་གི་མི་དམངས་འཐུས་ཚོགས་འཚོགས་རྗེས། ཨྱོན་ཁོ་ཚོ་ཤང་དུ་ལོག་ནས་འབྲོག་ལས་གྲོང་ཚོའི་ལས་བྱེད་པ་དང་སླར་ཡང་ཚོགས་འདུ་ཐེངས་གཅིག་འཚོགས། དེའི་དམིགས་ཡུལ་ནི་ཚང་མའི་བསམ་བློ་སྔར་བས་གཅིག་གྱུར་བྱས་ནས་རྨོ་བསྐྱུར་རྩྭ་གསོ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་དེ་ཡིན། རེད་མོད་ཀྱང་སྡེ་བའི་ལས་བྱེད་པ་རྣམས་ལ་ད་དུང་སེམས་ཁྲལ་ཆེ་སྟེ། བསམ་ཚུལ་ཡིན་ན། ལོ་འདི་དག་གི་རིང་ལ་མང་ཚོགས་ཀྱི་ཡོང་འབབ་གཙོ་བོ་ནི་ས་ཞིང་བོགས་གཏོང་ལ་བརྟེན་པ་ཡིན། གལ་ཏེ་རྨོ་བསྐྱུར་རྩྭ་གསོ་བྱས་ན་ཡོང་འབབ་ཆ་ཤས་དེ་མེད་པར་འགྱུར་སྲིད་པས། མང་ཚོགས་ཀྱིས་དང་ལེན་བྱེད་མི་སྲིད་སྟབས། དེ་ནི་དཀའ་ཚེགས་ཧ་ཅང་ཆེ་བའི་ལས་ཀ་ཞིག་ཏུ་གྱུར། ཤང་གི་འགོ་ཁྲིད་ཀྱིས་བྱ་བ་ལམ་ལྷོངས་མི་ཡོང་བ་མཐོང་བས། གལ་ཏེ་གྲོང་ཚོའི་ལས་བྱེད་པ་སུ་ཞིག་གིས་ལས་ཀ་འདི་ལག་བསྟར་བྱེད་ནུས་མ་ཐོན་ན་སུ་ཞིག་གི་ལས་གནས་ཕྱིར་འཐེན་བྱེད་དགོས་པའི་བཀའ་བཏབ་མོད། ཡིན་ནའང་། སུ་ཞིག་གིས་སྡེ་མི་ཡོངས་ཀྱིས་ད་དུང་ས་ཞིང་མང་པོ་བོགས་གཏོང་བྱས་ཡོད་པ་ཤེས་སམ་ཞེས་ཟེར།
ཚེ་ལོས་ནན་ཏན་གྱིས། ས་ཞིང་གང་འདོད་དུ་བོགས་མར་གཏོང་མི་རུང་། འབྲོག་པ་དང་ཚོང་ལས་གསར་སྤེལ་བར་གྱི་གན་རྒྱ་ནི་ཁྲིམས་འགལ་ཡིན་པས། ཁྱོད་ཚོས་དེ་དབྲལ་ནས་བཤགས་ཆོག་ཅེས་པར།
ཨྱོན་གྱིས། དེ་ནི་ངས་ཤེས་མོད། གནད་དོན་ནི་མང་ཚོགས་ཀྱི་ལག་ཏུ་སྒོར་འབྱོར་ཟིན་པ་དང་། ཚོང་ལས་གསར་སྤེལ་བས་ཀྱང་འདེབས་འཛུགས་བྱས་ཡོད་པས། གལ་ཏེ་ང་ཚོས་བཙན་ཤེད་ཀྱིས་གན་རྒྱ་གཏོར་ན། མང་ཚོགས་ལ་ཁེ་ཕན་ཐོབ་མི་ཐུབ་ལ། ཐོན་འབྱེད་ཚོང་བར་ཡང་མ་དངུལ་བཏང་བའི་གྱོང་གུན་ཐེབས་འགྱུར་བས། ང་ཚོས་ཇི་ལྟར་ཕྱོགས་གཉིས་ཀར་གནོད་པ་ཐེབས་པའི་བྱ་བ་སྒྲུབ་ཐུབ་བམ་ཟེར།
ཚེ་ལོས། དེས་ན་ཁྱོད་ཀྱིས་ཤོད་དང་། ང་ཚོས་ཅི་ལྟར་བྱེད་དགོས་སམ་ཟེར།
ཨྱོན་གྱིས། ང་ཤང་རིམ་པ་དང་པོའི་འགོ་ཁྲིད་པ་ཡིན་པའི་ངོས་ནས། ད་ལྟའི་བར་དུ་ངས་ཀྱང་མིག་གཡས་ཕྱེ་ན་མིག་གཡོན་བཙུམས་གང་ཐུབ་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་ལས་ཐབས་གཞན་མེད་ཟེར།
ཚེ་ལོས་ཅུང་ཙམ་སེམས་ཁྲལ་ཆེན་པོས། གལ་ཏེ་གོང་རིམ་གྱིས་ཤེས་པ་ཡིན་ན་ཅི་ལྟར་བྱའམ་ཟེར།
ཨྱོན་གྱིས་ཐ་མག་ཁམ་གང་རྔུབ་རྗེས། ངས་བསམ་ན་གསང་ཐུབ་ན་གསང་གང་ཐུབ་བྱས་པས་བཟང་། ཁྱོད་ནི་ང་ཚོའི་ཤང་ནས་ལས་གནས་སྤར་བའི་ལས་བྱེད་པ་ཡིན་ལ། ས་ཞིང་བོགས་གཏོང་བྱས་ནས་ཕན་པ་ཐོབ་མཁན་ཚང་མ་ཁྱོད་ཀྱི་མི་སེར་ཡང་རེད། དེའི་ཕྱིར། ཁྱོད་ཀྱིས་ཅིས་ཀྱང་རོགས་རམ་བྱེད་དགོས་ལགས། ཞེས་ཞུ་ཞོར་དུ་ཚེ་ལོ་དང་ཐེངས་འདིའི་བྱ་བའི་ཞིབ་བཤེར་དེ་ཇི་ལྟར་གསང་ཐབས་བྱེད་དགོས་པའི་སྐོར་གྲོས་བསྡུར་བྱས།
ཨྱོན་གྱིས་ཚེ་ལོར་རྫོང་ནས་གསར་ཏུ་བཏོན་པའིBBའཕྲུལ་ཆས་ཤིག་སྦྱིན་ཞིང་། ཚེ་ལོར་དུས་ལྟར་ཁོང་ཚོའི་འགྲོ་འདུག་བཤད་དགོས་པའི་རེ་བ་བཏོན་པ་མ་ཟད། ད་དུང་ཚེ་ལོར་འགོ་ཁྲིད་རིམ་པར་ཕྱུགས་ལས་སྡེ་བར་མི་འགྲོ་བར་ཞིང་ལས་ཁོ་ནར་རྟོག་དཔྱོད་བྱེད་པར་གོ་སྐོན་བློ་འགུག་བྱེད་དགོས་པའི་རེ་བའང་བཏོན། ཚེ་ལོས་ཨྱོན་གྱི་དཀའ་ལས་བཟོས་པར་ངོ་ལྡོག་མ་ཐུབ་པ་དང་། འབྲོག་པའི་དོན་དངོས་གྱི་ཁེ་ཕན་ཡང་བསམ་པས་ནུས་ཤུགས་ཡོད་རྒུས་དོན་དེ་སྒྲུབ་རྒྱུ་ཁས་ལེན་མི་བྱེད་ཐབས་མེད་བྱུང་བ་རེད།
རྨ་ལྷོ་རྫོང་ལ་ཁྱོན་བསྡོམས་འབྲོག་ལས་ཤང་གསུམ་དང་། ཞིང་ལས་ཤང་གསུམ། ཕྱེད་ཞིང་ཕྱེད་ཕྱུགས་ཡིན་པའི་མགར་ཁྲི་ཤང་བཅས་ཤང་བདུན་ཡོད་ལ། གཞི་རིམ་བཅར་འདྲི་རུ་ཁག་གི་འགྲུལ་བཞུད་དེ་བྱེ་བྲག་གིས་ཚེ་ལོས་གཏན་འཁེལ་བྱེད་བཞིན་ཡོད། ཁོས་ཐག་རིང་ནས་ཐག་ཉེའི་གོ་རིམ་ལྟར་སྔོན་ལ་ཐག་རིང་ལུང་ཁུག་གི་འབྲོག་ལས་ཤང་དང་། རྗེས་སུ་ཞིང་ལས་ཤང་། མཐར་ཕྱེད་ཞིང་ཕྱེད་འབྲོག་གི་མགར་ཁྲི་ཤང་དུ་བསྐྱོད་རྒྱུ་བཀོད་སྒྲིག་བྱས་པ་བཞིན་རུ་ཁག་སྣེ་ཁྲིད་པའི་འགོ་ཁྲིད་ཀྱི་མོས་མཐུན་བྱུང་རྗེས། ཁོ་ཚོས་རིམ་པ་ལྟར་སྒྲུབ་པ་རེད།
འབྲོག་ལས་ཤང་དུ། གྲོང་མི་རྣམས་ཀྱིས་ལ་ལས་ལོ་ཏོག་བཏབ་མྱོང་བའི་ཞིང་སར་རྩྭ་འདེབས་དང་། ལ་ལས་ཕྱུགས་འཚོ་བ། ལ་ལས་ལུ་གུ་ཉོས་ནས་ལུ་གུ་གསོ་སྐྱོང་བྱེད་ཀྱི་ཡོད། ཞིང་ལས་ཤང་གི་གྲོང་མིས། ལ་ལས་ཞིང་ལ་ལོག་བརྒྱག་བཞིན་ཡོད་པ་དང་། ལ་ལས་ལུད་འདྲེན་ལུད་འཇོག་བྱེད་བཞིན་ཡོད་ཅིང་། ལ་ལས་ཆུ་འདྲེན་ས་བོན་འདེབས་བཞིན་མཆིས། གང་སར་ཚ་ཚ་འུར་འུར་བྱེད་ཅིང་ལམ་དུ་རྡུལ་འཚུབ་བསྐྱིལ་འདུག མགར་ཁྲི་ཤང་དུ་སླེབས་སྐབས། རུ་སྣེ་ཁྲིད་མཁན་གྱི་འགོ་ཁྲིད་པས་ཐང་ཆད་པའི་རྣམ་པ་ཞིག་མངོན་བྱུང་།
ཚེ་ལོས་གྲོས་མགོ་འདོན་དོན། འགོ་ཁྲིད་ལགས། ཞིང་འབྲོག་ལས་རིགས་གཉིས་ཀར་ང་ཚོས་བལྟས་ཟིན། ཚང་མ་འདྲ་མཚུངས་སུའང་གདའ། མགར་ཁྲི་ཤང་འདི་ནི་ཞིང་ལས་གཙོ་བོར་གཉེར་བའི་ཤང་ཡིན་ཞིང་། ད་ཡང་དངོས་པོ་གསར་བ་ཡོད་མི་སྲིད་པས། དེ་བས་ང་ཚོས་ཞིང་ལས་ཐོན་སྐྱེད་ཀྱི་གནས་ཚུལ་ལ་བལྟས་པས་ཆོག་ཅེས་ཞུས།
རུ་སྣེ་ཁྲིད་མཁན་གྱིས། ཆོག་གི། ཆོག་གི། ཚང་མ་ཐང་ཆད་སོང་། ཕྱིར་ལོག་རན་ལའང་ཐོན་ཞེས་གསུང་།
དེ་ལྟར་ཁོ་ཚོས་མགར་ཁྲི་ཤང་གི་ཞིང་ལས་གྲོང་ཚོ་གཅིག་གཉིས་ལ་བཅར་འདྲི་བྱས་རྗེས་བྲེལ་འཚུབ་ངང་ཕྱིར་ལས་ཁུངས་སུ་ལོག
ཚེ་ལོ་ལས་ཁུངས་སུ་ལོག་མ་ཐག དེ་མུར་བཅར་འདྲི་བྱས་པའི་གསར་འགྱུར་དེ་ཡི་གེ་དང་རླུང་འཕྲིན་སོགས་ཀྱི་རྣམ་པའི་ཐོག་ནས་བསྟུད་མར་སྤེལ་གཏོང་བྱས། ཉིན་དེའི་དགོང་མོར། ཚེ་ལོར་ཨྱོན་གྱི་འཕྲིན་ཐུང་ཞིག་འབྱོར། འཕྲིན་ཐུང་དུ་ཁོས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱས་པའི་བྱ་སྤྱོད་ལ་ཐུགས་རྗེ་ཆེ་ཞུས་འདུག ཨྱོན་རྒྱན་གྱིས་ད་དུང་ཁོའི་ཁ་ལོ་བར་ལུག་ཚོན་པོ་ཞིག་བསྐྱལ་ནས་ཡོང་དུ་བཅུག ཚེ་ལོས་ལུག་ཤའི་སྒོར་མོ་སྤྲད་ཀྱང་། ཁ་ལོ་བས། ཨྱོན་ཧྲུའུ་ཅིས་སྒོར་མོ་བླངས་མི་གསུང་པས་ལེན་མི་རུང་། ཁོ་ཐག་ཤང་གི་འཆར་གཞིའི་དམིགས་ཚད་ནང་ནས་ཆེད་དུ་ཆོག་མཆན་བཀོད་པ་ཡིན་པར་ངེས་པས་སྒོར་མོ་དགོས་མི་སྲིད་ཅེས་ཟེར། ཚེ་ལོས། དེས་ན་ཤ་འདི་ང་ལའང་དགོས་མི་ཆོག་ཟེར། གཡང་སྐྱིད་ཀྱིས། གཞན་གྱིས་བཟང་སེམས་དྲན་པ་ཡིན་པས། མ་བླངས་ན་མ་གུས་པ་ཡིན། ང་ཚོས་སྒོར་མོ་འོས་འཚམ་ཞིག་སྤྲད་ན་དོན་དེ་ཚར་པ་མ་རེད་དམ་ཞེས་ཟེར་བཞིན་སྒོར་བཅུ་ཁ་ལྷག་ཁ་ལོ་བའི་ལག་ཏུ་བརྫངས།
ཟླ་བ་ཁ་ཤས་འདས་རྗེས། ཞིང་ནང་གི་ལོ་ཏོག་ཇེ་མཐོར་སོང་བ་དང་། ནས་ཀྱི་སྙེ་མ་གཏོང་ཉེར་ཡོད། ཀེ་ཚེའི་མེ་ཏོག་ནི་སྐར་འོད་ལམ་ལམ་བཞིན་བཞད་མགོ་བརྩམས། ཚེ་ལོ་འགྲུལ་འཁོར་ནང་བསྡད་དེ་ཁུལ་དུ་བྱ་བ་སྒྲུབ་ཏུ་འགྲོ་བཞིན་ཡོད་པ་དང་། ཞིམ་ངད་ཀྱི་དྲི་བསུང་འགྲུལ་འཁོར་གྱི་དྲ་མར་བརྒྱུད་ནས་འཐུལ་ཡོང་། མདུན་སྟེགས་སྟེང་གི་མགོར་གུས་ཞྭ་གོན་ཡོད་པ་ཞིག་དང་མེད་པའི་འབྲོག་པ་གཉིས་ཀྱིས་ལམ་འགྲམ་གྱི་ལོ་ཏོག་ལ་བལྟས་ནས་ཡུན་གྱིས་བོད་སྐད་ཐོག་གླེང་མོལ་བྱེད་མགོ་བརྩམས།
གུས་ཞྭ་གོན་པ་དེས། ཁྱོད་ཀྱིས་ལྟོས་དང་། ལོ་ཏོག་འདི་དག་སྐྱེས་པ་ཅི་འདྲའི་བཟང་ཨང་། བལྟས་ཡོང་ན་ད་ལོའང་ལོ་ལེགས་ཀྱི་ལོ་ཞིག་རེད་ཟེར།
གུས་ཞྭ་གོན་མེད་པ་དེས། རེད་ཡ། གལ་ཏེ་ངས་ཚོད་དཔག་བྱས་པ་ནོར་མེད་ན། འདི་དག་ནི་མགར་ཁྲི་ཤང་གི་ཞིང་ལས་གྲོང་ཚོའི་ལོ་ཏོག་རེད་ཟེར།
གུས་ཞྭ་གོན་པ་དེས། རེད། ལགས་ཀྱང་། ངས་ཁོ་ཚོའི་འབྲོག་ལས་ཀྱང་ཐོན་འབྱེད་ཚོང་པར་བོགས་མར་བཏང་ཡོད་པ་ཤེས་ཟེར།
གུས་ཞྭ་གོན་མེད་པ་དེས། དེ་ནི་རྫོང་གི་སྲིད་ཇུས་ཀྱིས་སྒྲུབ་མི་ཆོག་པ་མ་རེད་དམ་ཟེར།
གུས་ཞྭ་གོན་པ་དེས། ཁ་དཔེ་ལྟར། འགོ་ཁྲིད་གང་འདྲ་ཞིག་ཡིན་ན་བྱ་བ་གང་འདྲ་ཞིག་སྒྲུབ་ངེས་ཟེར་བ་བཞིན། ཁོ་ཚོའི་ཤང་ཨུ་ཧྲུའུ་ཅི་ནི་སྤོབས་པ་ཆེ་ཞིང་། མང་ཚོགས་ལ་དོན་དངོས་ཀྱི་བྱ་བ་དང་དོན་བཟང་སྒྲུབ་ཕོད་པས་མ་ཡིན་ནམ་ཟེར།
གུས་ཞྭ་གོན་མེད་པ་དེས། དཔེ་མི་སྲིད། ཁོ་རྫོང་གི་འགོ་ཁྲིད་ཀྱིས་སྐྱོན་བརྗོད་བྱེད་པར་མི་སྐྲག་པ་ཡིན་ནམ་ཟེར།
གུས་ཞྭ་གོན་པ་དེས། སྐྱོན་བརྗོད་བྱེད་པ་ཞིག་ཅི་ལ་རྩིའམ། རྫོང་གིས་ཤེས་རྗེས་ད་དུང་གོ་གནས་ཕྱིར་འཐེན་བྱེད་སྲིད་ཟེར།
གུས་ཞྭ་གོན་མེད་པ་དེས། དེས་ན་ཉེན་ཁ་དེ་འདྲའི་ཆེན་པོར་མི་འཛེམ་དོན་གང་ཡོད་དམ་ཟེར།
གུས་ཞྭ་གོན་པ་དེས། སྒོར་མོའི་ཆེད་དུ་མ་ཡིན་ནམ། སྡེ་བ་འདིར་གནས་ལ་སོང་བའི་ངའི་སྲིང་མོ་ཞིག་གིས་བཤད་པ་ལྟར་ན། གྲོང་ཚོ་འདིར་བོགས་མར་གཏོང་ལེན་བྱས་པའི་ས་ཞིང་མུའུ་རེར་སྒོར་གཉིས་ཀྱི་ཚད་གཞི་ལྟར་དོ་དམ་གྲོན་དངུལ་དང་ཉེན་ཁའི་གྲོན་དངུལ་བསྡུ་དགོས་ཤིང་། རྣམ་གྲངས་འདི་ཁོ་ནའི་སྟེང་ནས་ཀྱང་སྒོར་ཁྲི་ཉི་ཤུ་སུམ་ཅུ་ཙམ་བསྡུ་བཞིན་ཡོད་འདུག་ལ། དེའི་ནང་གི་ཆ་ཤས་ཤིག་རང་ཤུགས་སུ་ཤང་གི་འགོ་ཁྲིད་གཙོ་བོའི་ཁུག་མའི་ནང་དུ་སོང་ཡོད་པས། འགོ་ཁྲིད་དང་འབྲོག་པ། ཐོན་འབྱེད་ཚོང་པ་བཅས་ཚང་མར་ཁེ་ཕན་ཐོབ་ཀྱི་འདུག་ཟེར་ཞིང་མཆིས་ཟེར།
གུས་ཞྭ་གོན་མེད་པ་དེས། འོ། མ་གཞི་དེ་འདྲ་རེད་དམ་ཟེར།
ཚེ་ལོ་ཐོག་མར་འབྲོག་པ་དེ་གཉིས་ཀྱིས་མགར་ཁྲི་ཤང་གི་ས་ཞིང་བོགས་མར་གཏོང་ལེན་གྱི་དོན་དག་གླེང་བར་སྤྲོ་སྣང་འཕེལ། བར་དུ་ད་དུང་ཁ་བརྡ་འགའང་བྱས་ན་འདོད་མོད། ཡང་རང་གི་ཐོབ་ཐང་མི་མངོན་ཕྱིར་དང་། ཁོ་ཚོའི་དོན་དངོས་ཀྱི་བསམ་ཚུལ་ངོ་མ་དེ་ཤེས་རྟོགས་བྱེད་ཆེད་ངག་གཞི་ནས་བསྡམས། ཐོག་མའི་བསྟོད་བསྔགས་ཀྱི་སྐད་ཆ་དེ་ཐོས་རྗེས། ཁོས་རང་ཉིད་ཀྱིས་དོན་བཟང་ཞིག་བསྒྲུབས་སོང་སྙམ་སྟེ་ལྐོག་ཏུ་དགའ་སྤྲོ་སྐྱེས་མོད། འོན་ཀྱང་། ཉན་གྱིན་ཉན་གྱིན། ཁོས་རང་གི་ཀླད་པ་སྦོས་དྲག་ཡོད་པ་རྟོགས། མ་གཞིར་ཨྱོན་གྱིས་དངོས་གནས་རང་ཉིད་ལའང་ཁེ་ཕན་ཙམ་ཐོབ་ཆེད་ད་གཟོད་འདི་ལྟར་བསྒྲུབས་པ་ཡིན་ནམ། གལ་ཏེ་དེ་ལྟར་ཡིན་ན། ཁོས་རང་ཉིད་ཀྱི་ཁེ་ཕན་གྱི་ཆེད་དུ་ང་ལ་མགོ་སྐོར་བཏང་བ་མ་ཡིན་ནམ། ཚེ་ལོས་ད་ཡང་མུ་མཐུད་བསམ་བློ་གཏོང་མི་ཕོད།
ཕྱིར་མགར་ཁྲི་ཤང་བརྒྱུད་ནས་ལོག་ཡོང་དུས། ཚེ་ལོསBBའཕྲུལ་ཆས་སྤྱད་ནས་ཨྱོན་ལམ་འགྲམ་དུ་བོས་ལ། ཁ་ལོ་བར་འགྲུལ་འཁོར་ཅུང་ཙམ་སྡོད་དུ་བཅུག ཁོས་སྒེའུ་ཁུང་བརྒྱུད་ནསBBའཕྲུལ་ཆས་ཨྱོན་ལ་ཕྱིར་སྤྲད། ཨྱོན་གྱིས་ཅི་ཡིན་ཆ་མ་འཚལ་དུས་འགྲུལ་འཁོར་བསྐྱོད་མགོ་བརྩམས་སོང་།
ཚེ་ལོ་ཁྱིམ་དུ་ལོག་རྗེས། གཡང་སྐྱིད་ཚེ་ལོ་ཡིBBའཕྲུལ་ཆས་དེ་རྩེ་ན་འདོད་མོད། འོན་ཀྱངBBཕྲིན་འཕྲུལ་མེད་པ་ཤེས་རྗེས། BBའཕྲུལ་ཆས་གང་དུ་བཞག་ཡོད་ཅེས་དྲིས། ཚེ་ལོས་གནས་ཚུལ་དངོས་བཤད་འདོད་མེད་མོད། འོན་ཀྱང་ཁོ་ཇི་ལྟར་ལྐུགས་པར་གྱུར་ན་གཡང་སྐྱིད་ཀྱིས་དེ་ལྟར་ཤེས་འདོད་པས། ཁོས་རང་ཉིད་ཨྱོན་གྱིས་བེད་སྤྱོད་བཏང་བའི་དོན་དག་དེ་གསལ་བྱེད་ཐེངས་གཅིག་མི་བྱེད་གཞན་ཐབས་ཟད། གཡང་སྐྱིད་དོན་དེར་ཡ་མཚན་ཅི་ཡང་སྐྱེ་ཡི་མི་འདུག མོས། ད་ལྟ་ནི་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པའི་དུས་སྐབས་ཡིན་པས། འགོ་ཁྲིད་ལས་བྱེད་པར་བསམ་བློ་བཅིངས་འགྲོལ་དང་བློ་སྟོབས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ན། ལག་ལེན་ཁྲོད་ནོར་འཁྲུལ་ཕྲན་བུ་ཤོར་རྒྱུ་ནི་གཡོལ་ཐབས་མེད་པ་ཞིག་རེད། ཨྱོན་ཁོས་རྨོ་བསྐྱུར་རྩྭ་གསོ་བྱས་མེད་ཅིང་རང་གིས་ཀྱང་ཁེ་ཕན་ཙམ་རེག་ཡོད་ན་ཐང་མོད་ཀྱང་། འོན་ཀྱང་ཁེ་ཕན་ཆེ་ཤོས་ཐོབ་མཁན་ནི་མི་སེར་རེད་ཅེས་ཟེར་བ་དང་། ཡང་མུ་མཐུད་དུ། ཁྱོད་ཚོའི་རུ་སྣ་འདྲེན་པའི་རྫོང་དཔོན་གཞོན་པའང་ངོ་མས་ཐང་ཆད་དྲག་སྟེ་རྨོ་བསྐྱུར་རྩྭ་གསོ་བྱས་མེད་པའི་ཕྱུགས་ལས་སྡེ་བར་ཞིབ་བཤེར་ཏུ་ཕེབས་མ་འདོད་པ་ཨེ་རེད། ངས་བལྟས་ན་ཁོས་ཀྱང་མིག་ཟུང་གཅིག་བཙུམས་གཅིག་འབྱེད་ཀྱིས་ཐོན་འབྱེད་ཚོང་པས་བཏབ་ཟིན་པའི་ལོ་ཏོག་མེད་པར་བཟོ་འདོད་མེད་ལ། མི་སེར་གྱི་ལག་ཏུ་ཐོབ་ཟིན་པའི་དངུལ་ལོ་དེ་བས་ཀྱང་འཕྲོག་འདོད་མེད་པ་རེད་ཅེས་ཟེར།
ཚེ་ལོས་རང་གི་ངེས་བཟུང་གི་ལྟ་བས། ད་ལྟ་སྲིད་ཇུས་སྒོ་འབྱེད་བྱས་ཡོད་མོད། འོན་ཀྱང་ཡིག་ཆ་གང་ཞིག་གི་ཐོག་ནས་ཀྱང་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་བ་སྒྲུབ་ཆོག་ཅེས་བཤད་མེད། རང་ཉིད་ཀྱིསBBའཕྲུལ་ཆས་ཨྱོན་ལ་ཕྱིར་སྤྲད་དོན་ཡང་ཁོ་དང་དེའི་ཐད་ཀྱི་འབྲེལ་བ་གཙང་དག་བཟོ་ཆེད་ཡིན་ཞེས་བཤད། གནས་ལུགས་ཡུན་རིང་ཞིག་ལ་བཤད་ཀྱང་། གཡང་སྐྱིད་སྔར་བཞིན་རིན་མེད་ངང་ཐོབ་པའིBBའཕྲུལ་ཆས་དེ་ལ་ཡིད་ཕངས་པར་གྱུར། ཚེ་ལོས། དེ་རིན་གོང་མི་མཐོ་བས། སང་ཉིན་ངེད་གཉིས་སོ་སོས་གཅིག་རེ་ཉོ་ཞེས་བཤད།
ཚེ་ལོ་ཁ་དན་ལས་མ་འགལ། ཉིན་གཉིས་པའི་ཉིན་གུང་ལས་ཚོགས་གྲོལ་མ་ཐག་ཏུ་དངུལ་བྱང་ལས་སྒོར་མོ་ཅུང་ཙམ་བླངས་ནསBBའཕྲུལ་ཆས་གཉིས་ཉོས། གཅིག་ནི་ནག་པོ་དང་གཅིག་ནི་དམར་པོ་ཞིག་རེད། ཁོས་དམར་པོ་དེ་གཡང་སྐྱིད་ལ་བྱིན། བཀོལ་སྤྱོད་བྱེད་ཐབས་ཁྲིད། གཡང་སྐྱིད་ཀྱིས་སྒྲ་སྦྱོར་མཐེབ་རིས་མནན་ནས་ཚེ་ལོ་ལ་ཡི་གེ་ཕྲེང་འགའ་བྲིས་ཤིང་བསྐུར་མཐེབ་མནན། སྐར་མ་གཅིག་གཉིས་འགོར་རྗེས། ཚེ་ལོའི་འཕྲུལ་ཆས་སྟེང་དུ་ཏི་ཏི་ཏི་ཞེས་འབྱོར་བརྡ་གྲགས་པ་དང་བསྐུར་ཡིག་མ་ལུས་ཤར་ནས་ཐོན། གཡང་སྐྱིད་ཀྱིས་དགའ་སྤྲོ་ཆེན་པོས། འདི་ལྟར་ཡིན་ན་ང་ཚོས་རྗེས་ཕྱོགས་ཕན་ཚུན་འབྲེལ་བ་བྱས་ན་སྟབས་བདེ་བ་རེད་ཟེར། ཚེ་ལོས། འདི་ལས་ལྷག་པའི་སྟབས་བདེ་བ་ཡང་ཡོད་ཟེར། གཡང་སྐྱིད་ཀྱིས་ཅི་ཞིག་ཡིན་པ་དྲིས། ཚེ་ལོས་ཞིང་ཆེན་གྲོང་ཁྱེར་དུ་ལག་ཐོགས་ཁ་པར་བཀོལ་ཟིན་ལ། ལག་ཐོགས་ཁ་པར་དེར་མིས་ཐད་ཀར་ཁ་བརྡ་བྱས་ཆོག གོ་ཐོས་སུ་ཆེས་སྔོན་ཐོན་གྱིས་ད་དུང་ཕ་རོལ་པོའི་མིའི་ངོ་གདོང་མཐོང་ཐུབ་ཟེར། གཡང་སྐྱིད་ཀྱིས། ཚན་རྩལ་འདི་ཇེ་དར་ནས་ཇེ་རྒྱས་རེད། དངོས་གནས་ཡག་པོ་འདུག་ཟེར། ཚེ་ལོས་དངོས་པོ་འདི་དག་བཀོལ་མ་ཐག་མི་ལ་རང་དབང་མེད་པར་འགྱུར། དེ་ནི་གཟུགས་མེད་ཀྱི་རྟའི་ཐུར་མདའ་དང་མཚུངས་པར། ཁྱོད་ཀྱི་ཨང་གྲངས་ཤེས་མཁན་གྱིས་དུས་དང་རྣམ་པ་ཀུན་ཏུ་ཁྱོད་ཁྲིད་བཞིན་ཡོད་ཟེར། གཡང་སྐྱིད་ཀྱིས། དེས་ན་ངེད་གཉིས་ཀྱིས་ཨང་གྲངས་གཞན་ལ་མ་བཤད། ང་ནི་ཁྱོད་ཀྱི་རྒོད་མ་བྱེད་ལ། ཁྱོད་ནི་ང་ཡི་རྟ་ཕོ་བྱས་ཏེ། ཕན་ཚུན་སྒྲོག་གིས་བཅིངས་པའི་འཚོ་བ་ཡུན་རིང་ཞིག་རོལ་ཟེར་བ་དང་ཧ་ཧ་ཧ་ཞེས་བགད་བྱུང་།
དུས་ཡུན་རིང་པོ་མ་འགོར་བར་རྩ་འཛུགས་པུའུ་ཡིས་ང་ཁུལ་ཏང་ཨུའི་ཏང་གི་སློབ་གྲྭར་ཉིན་ཞེ་ལྔའི་རིང་གི་གསོ་སྦྱོང་དུ་འགྲོ་དགོས་པའི་བརྡ་ཐོ་བཏང་བྱུང་།
ད་ལྟ་ང་ནི་ཏང་གི་སློབ་གྲྭའི་སློབ་མ་ཞིག་ཡིན།
ང་ཚོའི་འཛིན་གྲྭར་སློབ་མ་བཞི་བཅུ་ཡོད་ཅིང་། སོ་སོ་ཁུལ་དང་། རྫོང་། ཤང་གི་ཏང་སྲིད་སྡེ་ཁག་གི་འབྲེལ་ཡོད་སྡེ་ཚན་ནས་ཡོང་བ་རེད། ལ་ལ་ནི་ཤང་གི་ཏང་ཨུའི་ཧྲུའུ་ཅིའམ་ཤང་དཔོན་ཡིན་པ་དང་། ལ་ལ་ནི་ཁུལ་དང་རྫོང་གི་ཁོའོ་ཀྲང་དང་ཀྲུའུ་རེན་ཡིན་ལ། ལ་ལ་ནི་རྫོང་རིམ་པ་གཞོན་པའི་གོ་གནས་སུ་སྤར་ཟིན་ཡང་སྔོན་ལ་གསོ་སྦྱོང་ལ་ཞུགས་མ་ཐུབ་པར་གསབ་ཁྲིད་དུ་ཡོང་བའི་ལས་བྱེད་པ་དག་རེད། ལོ་ན་ལྔ་བཅུ་མན་ཡིན་ན་འབྲིང་གཞོན་འཛིན་གྲྭ་ཟེར། སློབ་གྲྭས་ང་ཚོར་བཀོད་བསྒྲིགས་བྱས་པའི་བསླབ་ཁག་ཡིན་ན་སྲིད་འཛིན་དོ་དམ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་པའི་གཞུང་ལུགས། འབྲེལ་ཡོད་ཁྲིམས་སྲོལ་གྱི་ཤེས་བྱའི་སྐོར་རེད། བསླབ་ཁག་རེ་མཇུག་རྫོགས་ཐེངས་རེར་སློབ་མས་དཔྱད་རྩོམ་འབྲི་དགོས་ཤིང་། རང་ཉིད་ཀྱི་སློབ་སྦྱོང་གི་མྱོང་ཚོར་རྒྱས་བཤད་བྱེད་དགོས། ཁྲིམས་ལུགས་རིག་པའི་སློབ་ཁྲིད་རྫོགས་རྗེས། ང་དང་སློབ་གྲོགས་འགའ་གར་སྟེགས་སུ་མངོན་རན་སོང་། ང་སྙིང་སྟོབས་ཆེན་པོས་ཁྲིད་སྟེགས་སུ་བུད་དེ། དགེ་རྒན་དང་སློབ་གྲོགས་རྣམས་ལ་གུས་འདུད་ཞུས་རྗེས་རྩོམ་ཡིག་བླངས་ནས་ཀློག་ཞོར་དང་བཤད་ཞོར་བྱེད་མགོ་བརྩམས། རེད་མོད་ཀྱང་ཤོག་ངོས་གཅིག་བཤད་ཚར་ནས་ཕར་སློག་དུས་མཇུག་གི་ནང་དོན་ནི་མདུན་དང་འབྲེལ་མཐུད་བྱེད་མི་ཐུབ་པར་གྱུར། ངས་རྩོམ་ཡིག་ཁྱེར་ནོར་ཐེབས་པ་ཤེས་ཀྱང་ད་ལྟ་ཕྱིར་འཐེན་གྱི་ལམ་མེད་པས། བཙན་གྱིས་མདུན་དུ་རྒྱུགས་རྒྱུ་ལས་ཐབས་གཞན་མེད། ངས་དྲན་ཤེས་ལ་བརྟེན་ནས་བགྲོ་གླེང་བགྱིད་ཚར་མོད། ད་དུང་དུས་ཚོད་ཅུང་འདུག་སྙམ་པས། མུ་མཐུད་དུ་སློབ་གྲྭར་ཡོང་ནས་དུས་ཚོད་ཅི་ཙམ་སོང་བ་དང་། དགེ་རྒན་ཚོས་སློབ་ཁྲིད་ནན་ཏན་ཡིན་ཚུལ། སློབ་གྲོགས་ཚོས་སློབ་སྦྱོང་ལ་ཇི་ལྟར་དཀའ་བ་སྤྱད་ཚུལ་སོགས་འབྲེལ་མེད་ཀྱི་གཏམ་འགའ་ཡང་བཤད། འདུག་གནས་སུ་ལོག་རྗེས། འདུག་གྲོགས་ཀྱིས་ཁ་རོག་གེར་ང་ལ། ཁྱོད་ཀྱི་མ་ཡིག་སྟེང་དུ་དེ་ལྟར་བྲིས་ཡོད་དམ་ཞེས་དྲིས། ངས་མ་ཡིག་ཁོ་ལ་བསྟན་པ་ན། ཁོས་ལྕེ་སྣུར་ཞིག་བྱས་བྱུང་། མ་གཞིར་ཚིག་སྔོན་མ་འགའ་ལས་མཇུག་གི་ཚང་མ་བརྩམས་སྒྲུང་ཞིག་གི་མ་ཡིག་ཡིན་སོང་།
སློབ་སྦྱོང་ད་དུང་མཇུག་མ་སྒྲིལ། ཞིང་ཆེན་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པས་ང་ལ་ཁ་པར་ཡོང་དོན། དཔེ་ཆ་པར་ཚར་ཟིན་པས། ཁོམ་གསེང་གི་སྐབས་སུ་ལེན་དུ་ཡོང་རོགས་ཟེར། གཟའ་སྤེན་པར་སླེབས་མ་ཐག་ངས་ངང་སྒུག་བྱེད་ལོང་མེད་པར་དཔེ་ཆ་ཁྱེར་ཡོང་།
གཟའ་ཟླ་བའི་ཞོགས་པར། ངས་གསར་དུ་བཏོན་པའི་རྩོམ་ཡིག་ཕྱོགས་བསྒྲིགས་དེབ་ལྔ་བཅུ་ཁྱེར་ནས་སྔ་མོ་ནས་སློབ་ཁང་དུ་སོང་སྟེ། སློབ་གྲོགས་རེ་རེའི་ཅོག་ཙེའི་སྟེང་དུ་དེབ་རེ་བཞག་ལ། དགེ་རྒན་ཚོར་ཡང་དེབ་འགའ་བཞག
སློབ་ཁྲིད་མ་བྱས་པའི་སྐར་མ་གསུམ་གྱི་སྔོན་དུ། སློབ་གྲོགས་ཚང་མ་རང་རང་གི་འདུག་སར་ཐོན། ཁོ་ཚོས་དཔེ་ཆའི་སྟེང་གི་མདུན་ཤོག་ལ་བལྟས་ནས་རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས་དང་འདྲ་པར་ལ་བལྟས་རྗེས། མིག་མདངས་ང་ལ་ཕྱོགས་ཡོང་། དེ་ནི་ཧ་ལས་པའམ་དོགས་པ་སྐྱེས་པའི་རྣམ་པ་ཞིག་རེད། སློབ་ཁྲིད་བྱེད་སྐབས། ངས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཁྲིད་ལ་ཉན་མཁན་སློབ་མ་གཅིག་ཀྱང་མེད་པར། ཚང་མས་ལྐོག་ཏུ་དཔེ་ཆའི་ནང་གི་ནང་དོན་ལ་ལྟ་བཞིན་པ་མཐོང་།
སློབ་ཁྲིད་གྲོལ་རྗེས། སློབ་གྲོགས་རྣམས་གཅིག་རྗེས་ཉིས་མཐུད་ཀྱིས་ངའི་ཅོག་ཙེའི་མདུན་དུ་ཡོང་ནས་ང་ལ་རྟེན་འབྲེལ་ཞུ་བ་དང་མཉམ་དུ་མིང་རྟགས་བཀོད་ནས་དྲན་རྟེན་འགོད་དགོས་པའི་རེ་བ་བཏོན། ངས་དེབ་རེ་རེར་བཞིན་མིང་རྟགས་བཀོད་རྗེས། དེབ་ལྷག་མ་རྣམས་སློབ་གཙོ་དང་དགེ་རྒན་ཚོར་ཕུལ།
ཕྱི་དྲོའི་སློབ་གསེང་སྐབས་སུ། འཛིན་གྲྭ་གཞན་གྱི་སློབ་གྲོགས་ཚོ་སླེབས་བྱུང་། ཁོ་ཚོས་ངའི་དཔེ་ཆ་ཉོས་པ་མ་ཟད་ད་དུང་དྲན་རྟེན་གྱི་པར་ཡང་བརྒྱབ། ཚགས་པར་ཁང་གི་གསར་འགོད་པ་སླེབས་བྱུང་། ཁོ་ཚོས་ངའི་གསར་རྩོམ་གྱི་བརྒྱུད་རིམ་ལ་བཅར་འདྲི་བྱས། སྐབས་ཤིག་ལ། ང་སློབ་མའི་ཁྲོད་ཀྱི་མི་སྣ་གྲགས་ཅན་ཞིག་ཏུ་གྱུར།
ཡང་ཉིན་འགའ་འགོར་རྗེས། ང་ཚོ་སའོ་ཀྲིག་གི་སྲིད་འཛིན་སློབ་ཆེན་དུ་སོང་ནས་ནང་ལོགས་ཀྱི་ཆེད་མཁས་ཚོའི་སློབ་ཁྲིད་ལ་ཉན་ལ། ཞིང་ལས་ཐོན་རྫས་ཐོན་སྐྱེད་ལས་སྣོན་རྟེན་གཞི་དང་གཙོ་གནད་ཁེ་ལས་ཁ་ཤས་ལ་ལྟ་སྐོར་བྱས་པ་མ་ཟད། ས་གནས་དེ་གའི་ཡུལ་སྐོར་འཕེལ་རྒྱས་ཀྱི་གནས་ཚུལ་ཁ་ཤས་ཀྱང་མཐོང་བ་ཡིན། ཟླ་གཅིག་དང་ཕྱེད་ཀའི་དུས་ཚོད་དེ་ལྟར་བྲེལ་འཚུབ་ངང་མཇུག་རྫོགས་པ་རེད།
ཏང་གི་སློབ་གྲྭའི་འཚོ་བ་མཇུག་གྲིལ་ནས་ཡུན་རིང་མ་སོང་བར། ང་ཁུལ་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པའི་འོས་མི་ཡིན་པ་ཁྱབ་བསྒྲགས་བྱས་བྱུང་བ་སྟེ། ཚགས་པར་སྟེང་དང་། བརྙན་འཕྲིན་གྱི་ལམ་ནས་ཚང་མས་དྲིལ་བསྒྲགས་བྱས་པ་དང་། ལས་ཁུངས་སོ་སོའི་སྒོ་ཁ་རུའང་སྦྱར་བྱུང་བ་སྟེ། དམིགས་ཡུལ་ནི་ཡོངས་བསྒྲགས་བྱེད་པའི་རིང་ལ་མང་ཚོགས་ཀྱི་ལྟ་སྐུལ་རྒྱ་ཁྱབ་ངང་དང་ལེན་བྱ་ཆེད་རེད། ང་དང་སྒྲོལ་མ་གཉིས་རང་ཤུགས་ཀྱིས་དགའ་བྱུང་། ཚེ་ཕྱེད་རིང་དཀའ་ལས་བརྒྱབ་པས། ལོ་མང་པོའི་རིང་གི་མནའ་མ་ད་ནི་རྨོ་མོར་འགྱུར་གྲབས་ཡོད།
ཏག་ཏག་ངས་དགའ་སྤྲོའི་ངང་ཡོངས་བསྒྲགས་བྱས་འབྲས་ལ་སྒུག་པའི་སྐབས་སུ། འབྲུག་འབུམ་གྱིས་ང་བཙལ་ནས་སྒོ་ཁར་ཐོན། ཁོས་བཤད་པ་ཡིན་ན། མཁའ་ལེར་དོན་རྐྱེན་བྱུང་སོང་། མང་ཚོགས་ཀྱིས་ཁོའི་དཔལ་འབྱོར་ལ་གནད་དོན་ཡོད་ཚུལ་བཤད་པས། རྫོང་ཞིབ་དཔྱོད་ཁང་གིས་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་པ་དང་། ང་སོང་ནས་ཞིབ་དཔྱོད་ཁང་དུ་ངའི་ངོ་ཤེས་བརྒྱུད་དེ་དཀའ་ངལ་འདི་ལས་སྒྲོལ་རོགས་བྱེད་དགོས་ཚུལ་སྨྲས་བྱུང་། ངས། ང་ལ་ཞིབ་དཔྱོད་ཁང་དུ་ངོ་ཤེས་མེད་ལ། ཡོད་ཀྱང་རོགས་རམ་བྱེད་མི་ཐུབ། གལ་ཏེ་མཁའ་ལེ་ལ་གནད་དོན་མེད་ན། ཞིབ་དཔྱོད་ཁང་གིས་ཁོ་རང་ཤུགས་ཀྱིས་ཉེས་མེད་དཀར་འདོན་བྱེད་སྲིད་ཅིང་། གལ་ཏེ་ཡོད་ན་དེ་ནི་སྡུག་གྱོང་རེད། སུས་ཁོ་ལ་སྤྱི་དང་ཐུན་མོང་གི་ཁེ་ཕན་ཟ་དུ་བཅུག་པ་ཡིན་ནམ་ཞེས་བཤད།
ཁྱིམ་དུ་ལོག་རྗེས། ངས་སྒྲོལ་མར། མཁའ་ལེ་ཞེས་པའི་མི་འདི་དང་ཐོག་ནས་ངའི་མིག་ལ་མི་རན་ཏེ། སྤྱང་པོ་ཆུང་ཆུང་བཅའ་མཁན་གྱི་མི་དེ་རིགས་རེད། དངོས་གནས་དོན་རྐྱེན་བྱུང་བ་ཡིན་ན། འོས་ཤིང་འཚམ་པ་ཞིག་རེད་ཅེས་བཤད།
འབྲུག་འབུམ་ཕྱིར་ལོག་ནས་ཉིན་གཉིས་མ་འགོར་བར། ཞིབ་དཔྱོད་དཔོན་གཉིས་ཀྱིས་ཁྱིམ་དུ་ང་བཙལ་ནས་ཡོང་སྟེ། ལོ་གཅིག་གི་སྔོན་ལ་ང་མཁའ་ལེ་ཚང་ལ་སོང་མྱོང་མེད་དྲིས་བྱུང་། ངས་སོང་མྱོང་ཞེས་པར། ཡང་ང་ལ་སྐམ་ཤ་ཟོས་མྱོང་མེད་དྲིས་བྱུང་། ངས་ཟོས་མྱོང་ཞེས་པར། ཞིབ་དཔྱོད་དཔོན་གྱིས་བཤད་རྒྱུར། མཁའ་ལེ་ད་ལྟ་དཔལ་འབྱོར་གྱི་གནད་དོན་ཡོད་པའི་དོགས་ཡོད་ཉེས་ཅན་ཡིན་ཞིང་། ཁོས་སྡེ་བའི་ནང་གི་སྐམ་ཞིག་ཁྱོད་ཀྱི་མིང་འོག་ཏུ་བཀལ་ནས་ཁྱོད་ལ་སྣེ་ལེན་བྱས་པ་ཡིན་ཟེར། ཁྱོད་ཀྱིས་དེ་ཅི་ལྟར་འགྲེལ་ལམ་ཟེར།
ཨ་གནམ་རྒན་མ། ང་ལ་དེ་འདྲའི་ཡི་ག་ཆེན་པོ་ཞིག་ཡོད་དམ། ཟས་ཐུན་གཅིག་ལ་སྐམ་གཅིག་ཟོས་སོང་ཟེར་རམ།
ངས་ཉིན་དེར། རང་གིས་ལས་ཁུངས་ཀྱི་བཀོད་སྒྲིག་ཇི་ལྟར་དང་ལེན་བྱས་ནས་གྲོང་ཚོ་འདིའི་མི་སྲོག་སྐྱོབ་མཁན་གཞོན་ནུ་ལ་བཅར་འདྲི་བྱེད་དུ་སོང་བ་དང་། དགོང་མོ་མཁའ་ལེས་ཁོའི་ཁྱིམ་དུ་བོས་ནས་སྐམ་ཤ་ཟ་རུ་བཅུག་ཚུལ་དང་། ངས་ཁོ་ལ་ལག་རྟགས་ཅི་ཞིག་སྤྲད་ཚུལ། དེ་རྗེས་སྐམ་ཤ་རྒྱ་མ་གང་ཡང་ཁྱེར་མེད་པ་སོགས་ཀྱི་གནས་ཚུལ་ཞིབ་ཕྲའི་ངང་བཤད་པ་ཡིན། ཞིབ་དཔྱོད་དཔོན་གྱིས་ཟིན་ཐོ་བཀོད་ཅིང་། ངས་སྐབས་དེའི་ཁ་ལོ་བ་བཙལ་ནས་བདེན་དཔང་བྱེད་དུ་བཅུག་པ་མ་ཟད་ཟིན་ཐོའི་སྟེང་དུ་མིང་རྟགས་བཀོད་དུ་བཅུག་པ་ཡིན། མཐར། ཞིབ་དཔྱོད་དཔོན་གྱིས། དེ་ལྟར་གསལ་པོར་བཤད་ན་འགྲིག་འདུག སྐྱོན་ཆེར་མི་འདུག་གསུངས་བྱུང་།
སྤྱི་བསྒྲགས་ཀྱི་དུས་སྐབས་སུ་དོན་དག་འདི་འདྲ་བྱུང་བས་ངའི་སེམས་ཀྱང་ཧ་ཅང་ཁྲོ་བྱུང་། ཞིབ་དཔྱོད་དཔོན་གྱིས་དེ་ལྟར་སྐྱོན་མེད་སྙམ་མོད། འོན་ཀྱང་ཁུལ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཀྱིས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་གྲོང་ཚོར་མངགས་ནས་དོན་དེར་བརྟག་དཔྱད་ཞིབ་ཕྲ་བྱས། རྒྱུ་མཚན་ནི་འགོ་ཁྲིད་ལས་བྱེད་པ་གོ་གནས་སྤར་རྒྱུ་ནི་ཧ་ཅང་གཟབ་ནན་གྱི་བྱ་བ་ཞིག་ཡིན་ཏེ། གལ་ཏེ་དུག་ཅན་གོ་གནས་སྤར་ནས་གནད་དོན་འདྲ་བྱུང་ཚེ་སུས་ཀྱང་འགན་འཁྲི་མི་ཐེག
སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བརྟག་དཔྱད་ཀྱི་མཇུག་འབྲས་དེ་མུར་ཐོན་བྱུང་། མང་ཚོགས་ཀྱིས་བསམ་འཆར་ཧ་ཅང་ཡག་པོ་བཏོན་ཡོད་དེ། ངས་བསམ་བཞིན་དུ་གྲོང་ཚོའི་ཚགས་ཤ་ཟོས་པའི་དོན་དག་མེད་པ་མ་ཟད། ད་དུང་འབྲུག་འབུམ་ལ་གླ་ཕོགས་སློང་རོགས་བྱས་པ་དང་། ལྷག་པར་དུ་མཁའ་ལེ་ལ་དོན་རྐྱེན་བྱུང་བར་སྙིང་རྗེ་མི་ཞུ་བར་དེ་ལས་ལྡོག་སྟེ་ཁོའི་བྱ་སྤྱོད་ལ་ཁོང་ཁྲོ་ལངས་པའི་བསམ་ཚུལ་བཏོན་ཚུལ་སོགས་གྱིས། ཕྱོགས་གཞན་ཞིག་གི་ངོས་ནས་བཤད་ན། ངས་མཁའ་ལེའི་ལྐོག་རྔན་གང་ཡང་དང་ལེན་བྱས་མེད་པ་དང་། དམངས་ཀྱི་ཆེད་དུ་བྱ་བ་ལེགས་གྲུབ་བྱུང་ཞིང་། སླད་སྐྱོན་གྱི་ཐལ་རྡུལ་སྤུ་ཙམ་ཡང་མེད་པ་ར་སྤྲོད་བྱས་ཡོད།
དེ་ལྟར། མཐར། དུས་བཀག་ལྟར་ང་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཞོན་པའི་གོ་གནས་སུ་འཕར་བ་ཡིན།
ཁུགས་ཀྱོག་མང་པོ་ཞིག་བརྒྱུད་མཐར། ང་ཁུལ་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པའི་གོ་གནས་སུ་བསྐོས་ཏེ་གསར་འགྱུར་དྲིལ་བསྒྲགས་ཀྱི་ལས་ཀ་གཙོ་གཉེར་བྱེད་བཞིན་ཡོད་ལ། སྒྲོལ་མའང་རང་བཞིན་གྱིས་དགའ་སྤྲོས་ཁེངས་འདུག ངས། སྒྲོལ་མ། ཐང་གི་བླ་མ་ནུབ་ཕྱོགས་སུ་དམ་པའི་ཆོས་ལེན་དུ་འགྲོ་བར་དཀའ་སྡུག་དགུ་དགུ་གྱ་གཅིག་བརྒྱུད་ཡོད་པ་བཞིན། ཚེ་ཐོག་འདི་རུ། བལྟས་ཡོང་ན་མི་ཚེ་ཧྲིལ་བོ་ཡང་དེ་འདྲ་རེད། ཐེངས་འདིའི་འདེམ་བསྐོའི་འགྲན་བསྡུར་ལེགས་འགྲུབ་བྱུང་ནའང་། དེར་གནོད་འཚེའི་རང་བཞིན་གྱི་ཚོད་བགམ་ཡང་ཐེངས་གཉིས་ལ་འཕྲད་བྱུང་། ལས་སླ་པོ་མ་རེད་ཡ་ཞེས་པར། སྒྲོལ་མས་བསམ་བློ་ཙམ་བཏང་རྗེས། རེད་ཡ། ཐང་གི་བླ་མས་དམ་ཆོས་ལེན་པར་ད་དུང་ལྷ་དང་ལྷ་རྣམས་ཀྱིས་མགོན་སྐྱབས་མཛད་བཞིན་ཡོད། ངེད་གཉིས་ཀྱིས་རྒྱུན་ལྡན་དུ་སངས་རྒྱས་ལ་མཆོད་འབུལ་བྱེད་པ་ཧ་ཅང་ཉུང་ཉུང་ཡིན་པས། དེ་ནི་སྡུག་འབྲས་མ་དག་པས་ཀྱང་སྲིད། ཅེས་བཤད་པ་དང་ཁ་རུ་མུག་མུག་ཁ་བཏོན་འདོན་མགོ་བརྩམས་ལ། ལག་ཟུང་དཔྲལ་བར་སྦྱར་ནས་གསོལ་བ་རྩེ་གཅིག་ཏུ་བཏབ།
དེ་ལྟར་ཡིན་ཡང་སྲིད། རྗེས་ཕྱོགས་སུ་ང་ཚོས་མཉམ་འཇོག་བྱས་པས་ཆོག ཐེངས་དེར་ངས་སྒྲོལ་མ་དང་ཁ་འཛིང་མ་བྱས།
ཉིན་གཉིས་པར། སྒྲོལ་མས་ལས་ཚོགས་ནས་གྲོལ་ཡོང་ནས། རྒྱ་མཚོ་ལགས། དངོས་གནས་དགའ་སྤྲོ་ཉིས་བརྩེགས་རེད། ང་ཚོའི་ལས་ཁུངས་ཀྱིས་ལས་བྱེད་པ་ཚོར་ཁུལ་དུ་སྡོད་ཁུལ་བསྡུ་རུབ་བྱེད་ཀྱི་འདུག་ཟེར། ངས། དེར་ནི་དགའ་རྒྱུ་ཅི་ཡོད། ཁང་པ་ཉོ་ན་སྒོར་མོ་སྤྲོད་དགོས་པ་རེད། ང་ཚོར་ཁང་པ་གཉིས་ཡོད་པ་མ་ཡིན་ནམ། ད་དུང་ཁང་པ་ཉོས་ནས་ཅི་བྱེད་དམ་ཞེས་པར། སྒྲོལ་མས། གླེན་པ། ད་ལྟ་ཁང་པའི་ཚོང་ལས་བྲིན་བཞིན་ཡོད་པས། ང་ཚོས་སྒོར་མོ་མི་གསོག་གམ། ཁྲོམ་རའི་ཁང་པ་ནི་སྨི་གྲུ་བཞི་རེར་སྒོར་སུམ་སྟོང་ཡིན་པ་དང་། ང་ཚོའི་ལས་ཁུངས་ཀྱི་ཁང་པ་ནི་སྨི་གྲུ་བཞི་རེར་སྒོར་ཉིས་སྟོང་ཡིན་པས། ཏག་ཏག་སྒོར་ཆིག་སྟོང་གི་ཁེ་སྤོབས་རེག་ཐུབ། གལ་ཏེ་སྨི་གྲུ་བཞི་བརྒྱ་ཡིན་ན་སྒོར་ཁྲི་བཅུ་ཡི་ཁེ་སྤོགས་ཐོབ་པ་མ་ཡིན་ནམ་ཟེར། ངས། ང་ཚོས་ད་སོ་མ་སྔོན་གྱི་དངུལ་བུན་སྤྲད་ཚར་བ་ཙམ་ཡིན་པས། ཐོག་མའི་མ་དངུལ་ཇི་ལྟར་སྤྲོད་དམ་ཞེས་པར། སྒྲོལ་མས། ང་ཚོར་སྡོད་ཁང་སྤྱི་གསོག་མ་དངུལ་སྒོར་ཁྲི་ཉི་ཤུ་ཙམ་ཡོད་པ་ད་དུང་བླངས་མེད་པ་མ་ཡིན་ནམ། ད་ཐེངས་བེད་སྤྱོད་བྱས་ན་འགྲིག་ཟེར། ངས། བཟང་གི། བཟང་གི། ཁྱོད་ཀྱིས་སེམས་ཤུགས་མང་ཙམ་འདོན་རོགས་ཞེས་བཤད། ངས་སྒྲོལ་མས་བཤད་པ་ཚང་མ་གནས་ལུགས་དང་མཐུན་པ་ཞིག་ཡིན་པས་དགའ་སྤྲོས་དང་ལེན་བྱས།
ཡང་ཉིན་འགའི་རྗེས་སུ། སྒྲོལ་མས་མདོག་གི་གདོང་ཕྱུང་ནས། བཟའ་ཟླ་གཉིས་ལ་ཁང་པ་གཉིས་ཡོད་ན། ཁང་པ་གསུམ་པར་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་མི་ཆོག་པ་མ་ཟད། ཐོག་མའི་དངུལ་སྤྲོད་ཀྱི་བསྡུར་ཚད་དེ་མི་གཞན་ལས་ཧ་ཅང་གིས་མཐོ་བ་ཡོད་པས། ཐོག་མའི་དངུལ་སྤྲོད་དེ་སྤྲོད་ཐབས་མེད་པ་རེད་ཟེར། ངར་ཡང་དཀའ་ཁག་ཆེ་བའི་སྣང་བ་སྐྱེད། དེ་མུར་ཁུལ་སྡོད་ཁང་མ་དངུལ་དོ་དམ་གཞུང་ལས་ཁང་གི་མི་ལ་ཁ་པར་བཏང་ནས་དྲིས་ཚེ། དངོས་གནས་གཏན་འབེབས་དེ་ལྟར་ཡིན་འདུག ངེད་གཉིས་ཀྱིས་ཉིན་ཕྱེད་ལ་གྲོས་བསྡུར་བྱས་ཀྱང་ཐབས་ཤེས་ཅུང་ཙམ་ཡང་མ་རྙེད། མཐར། སྒྲོལ་མས། ངེད་གཉིས་ཀྱིས་རྫུན་བཟོའི་བཟའ་ཐོར་ཞིག་བྱས་ཆོག དེ་ལྟར་བྱས་ན་ཁང་པ་གསུམ་གྱི་གནད་དོན་མེད་ཟེར། ང་ཐོག་མར་ཧང་སངས་བར་གྱུར། ཡང་བསམ་བློ་ཞིབ་མོ་ཞིག་བཏང་མཐར་དེ་ལས་གཞན་ཐབས་ཟད། ངས་ཁྲོམ་རར་བརྟག་དཔྱད་བྱས་མྱོང་། ཁང་པ་འདི་ཁྲོམ་རའི་རིན་གོང་ལས་ཧ་ཅང་གོང་སླ་བ་མ་ཟད། ཁང་པའི་རིན་གོང་ཡང་འཕར་བཞིན་ཡོད་པས། ང་ཚོས་རང་ལག་ཏུ་ཡོང་བའི་བྱ་གག་དོན་མེད་དུ་གཞན་གྱི་ཚང་དུ་འཕུར་དུ་འཇུག་མི་རུང་། སྒུག་ནས་ཁང་པའི་མ་དངུལ་བསྡུ་རུབ་བྱས་ཚར་རྗེས། ག་ལེར་གཉེན་སྒྲིག་བྱས་ན་ཨ་འགྲིག་ཆ་འགྲིག་མ་རེད་དམ། དེ་ལྟར། ངེད་གཉིས་ཀྱིས་ཉིན་གཉིས་པར་བཟའ་ཐོར་རྫུན་མའི་འགྲོ་ལུགས་བསྒྲུབས།
གྱོས་མོ་ཡུལ་དུ་ལོག་ནས་ལོ་གཅིག་འགོར་ལ་ཉེ། འཕྲིན་ཡིག་ཡོང་ནས་བྱིས་པའང་ལངས་ནས་གོམ་པ་སྤོ་རྒྱུ་སྦྱོང་མགོ་བརྩམས་ཞེས་བྲིས་འདུག་ལ། ད་དུང་གྲོང་ཚོ་གཞན་གྱི་ཁྱིམ་ཚང་ཞིག་གིས་ཚེ་བརྟན་སྒྲོལ་མར་སློང་ཆང་བསྐྱལ་ཡོང་བ་དང་། སྐྱེས་པ་གཞུང་རྒྱུད་དྲང་ཞིང་སྐྱེས་གཟུགས་དོད་པ་ཞིག་ཡིན་ཡང་། ཁྱིམ་ཚང་གི་ཆ་རྐྱེན་ཅུང་ཞན་པས། ཚེ་བརྟན་སྒྲོལ་མ་སྡུག་མྱོང་བར་སྐྲག་ནས་སེམས་ཤིན་ཏུ་ཉིས་འགལ་དུ་གནས་ཡོད་ཅིང་། མོས་མོ་བྱ་བ་ཡོད་པའི་བུ་ཞིག་གམ་ཡང་ན་སྒོར་མོ་ཡོད་པའི་ཁྱིམ་ཚང་ཞིག་གི་མནའ་མར་འགྲོ་འདོད་ཡོད་པས་གཉེན་རྟགས་རྒྱག་པའི་བྱ་བ་དེ་ལྟར་མཚམས་འཇོག་གི་ཡོད་ཅེས་འཁོད་ཡོད་ལ། ཉིན་འགའ་མ་འགོར་བར་ཡང་འཕྲིན་ཡིག་ཅིག་ཡོང་བའི་ནང་དུ། ཚེ་བརྟན་སྒྲོལ་མ་ལྐོག་ཏུ་ཁེ་བདག་ཆེན་པོ་ཞིག་གི་གཞུག་ལ་འབྲངས་ནས་བྲོས་སོང་ཚུལ་བྲིས་འདུག
དོན་དངོས་ནི་འདི་ལྟར་རེད།
ཚེ་བརྟན་སྒྲོལ་མའི་གྲོང་ཚོའི་མདུན་ནི་རྡོའི་གྲོག་རོང་ཞིག་ཡིན། གྲོག་རོང་ནང་ལོ་ལྟར་བཞུར་བའི་ཆུ་བོ་ཆུང་ཆུང་ཞིག་ཡོད། ལོ་གཅིག་གོང་གི་ཉིན་ཞིག་ལ། གྲོག་རོང་འདིའི་ནང་དུ་ཆུ་མཛོད་ཅིག་བསྐྲུན་ཆེད། ལྗིད་ཐེག་རླངས་འཁོར་འགའ་གནས་འདིར་ཡོང་བ་དང་། མི་ཉི་ཤུ་སུམ་ཅུ་ཙམ་ནང་ནས་མར་བབས་ཏེ་རླངས་འཁོར་སྟེང་གི་དངོས་ཟོག་མར་ཕོགས་ཤིང་སྦྲ་གུར་བཅུ་ཕྲག་ཁ་ཤས་ཧ་ལམ་མཚན་གང་བརྒྱབ་ཚར། དེ་དང་ཆབས་ཅིག་ཏུ་ཕྱོགས་བཞི་མཚམས་བརྒྱད་ཀྱི་ལས་ཀ་བ་མང་པོ་རེད། ཁོ་ཚོས་ཉལ་ཁྲི་དང་། ལྕགས་ཁེམ། འཐུང་ཆས་སོགས་འཁྱེར་ནས་ཕུགས་ཡོད་པའི་སྦྲ་གུར་ནང་དུ་འཛུལ། དེ་ལྟར་ལུང་སྟོང་གི་ཆུ་འགྲམ་གློ་བུར་དུ་འཁྲུག་ཆ་དོད་པོར་གྱུར།
ཨར་ལས་རུ་ཁག་ཐོན་རྗེས། ལས་གནས་སུ་ཤོག་བུའུ་སྦག་སྦག་ཏུ་བཀས་རྗེས། བཀོད་འདོམས་བྱེད་མཁན་དང་། ལས་ཀ་བྱེད་མཁན། སྐྱེལ་འདྲེན་བྱེད་མཁན་བཅས་ཀྱི་མི་བརྒྱ་ཕྲག་ཁ་ཤས་རང་རང་གནས་སུ་བྲེལ་བས་འཁེངས། དེ་ལྟར། ཆུ་མཛོད་ཀྱི་འཛུགས་སྐྲུན་དངོས་སུ་འགོ་བརྩམས།
ཚེ་བརྟན་སྒྲོལ་མ་དང་བུ་མོ་ཁ་ཤས་ཐག་རིང་དུ་ལངས་ནས་ཅུང་དཔའ་ཞུམ་ཞིང་ཡ་མཚན་པའི་ངང་བལྟས། ཁོ་མོ་ཚོས་ད་དུང་འདི་འདྲའི་གཡུལ་སའི་རྣམ་པ་མཐོང་མ་མྱོང་། ཁོ་མོ་ཚོས་ཡུན་རིང་བལྟས་ནས། སྦྲ་གུར་ལས་དུ་སྔོན་འཕྱུར་བའི་སྐབས་སུ་ད་གཟོད་རང་གི་ཁྱིམ་དུ་ལོག་བཞིན་ཡོད།
ཉི་མ་ནི་ཨར་ལས་རུ་དཔུང་ཁག་གིས་རྡོ་རྡུང་བའི་སྒྲ་དང་། འཕྲུལ་འཁོར་གྱིས་ཆུ་རགས་ཀྱི་ངོས་རྡུང་བའི་སྒྲའམ། རུ་དཔོན་གྱིས་པི་པི་བུས་ནས་ལས་ཀ་མགོ་རྩོམ་པ་དང་མཇུག་སྒྲིལ་བར་བྱེད་པའི་སྒྲའམ། དེ་བཞིན་ལས་མི་ཚོས་སེམས་སྡུག་གི་ངར་སྐད་ཕྱིར་འདོན་ཆེད་མེ་ཏོག་ལེན་ལུགས་ཀྱི་རི་གླུ་ལེན་པའི་སྒྲ་བཅས་ཀྱི་ཁྲོད་དུ་སྐྱེལ་བཞིན་ཡོད།
ཉིན་རེར། ཚེ་བརྟན་སྒྲོལ་མས་ཁྱིམ་ལས་བྱས་ཚར་རྗེས། ཁོམ་ན་རང་གཅིག་པུ་ཨར་ལས་བྱ་ཡུལ་གྱི་འདུ་འཛིར་ལྟ་རུ་འགྲོ་བཞིན་ཡོད། མོའི་ད་ལྟའི་སྤོབས་པ་ཧ་ཅང་ཇེ་ཆེར་སོང་འདུག མོ་རིམ་བཞིན་བཀོད་འདོམས་ཁང་གི་གནས་སུ་བསླེབས། སྐབས་དེར། སྦྲ་གུར་ནས་ཁེ་བདག་གི་རྣམ་འགྱུར་ཅན་ཞིག་ཕྱིར་ཐོན། ཁོས་སྐྱེ་གཟུགས་མཛེས་པའི་ཚེ་བརྟན་སྒྲོལ་མ་མཐོང་ཞིང་རེ་ཞིག་བལྟས་རྗེས། ནུ་མོ་ལགས། ཁྱོད་ཀྱིས་ཅི་ཞིག་ལ་ལྟ་བཞིན་ཡོད་ཟེར།
ཚེ་བརྟན་སྒྲོལ་མ་དོགས་མི་བདེ་བའི་ངང་དགོད་བཞིན་དུ། འཁྲུག་ཆ་དོད་པར་ལྟ་བ་ཙམ་ཡིན་ཟེར།
ཁེ་བདག་གིས་ཚོད་དཔག་ངང་། གལ་ཏེ་ངས་ཚོད་དཔག་བྱས་བ་ནོར་མེད་ན། ཁྱོད་ནི་ས་གནས་འདི་གའི་མི་ཡིན་རྒྱུ་རེད་ཟེར།
ཚེ་བརྟན་སྒྲོལ་མས། ཡིན་ལགས། ཁྱིམ་གྲོང་ཚོ་འདིར་ཡོད་ཅེས་ལན་བཏབ།
ཁེ་བདག་གིས། ཁྱོད་ཀྱིས་སྒོར་མོ་བཙལ་འདོད་དམ་ཞེས་པར།
ཚེ་བརྟན་སྒྲོལ་མས་ངག་འཕྲོད་མི་འཕྲོད་ངང་། སྒོར་མོ་སུས་བཙལ་ན་མི་འདོད་དམ། ཡིན་ཡང... ...
ཁེ་བདག་གིས། ཁྱོད་ཀྱིས་འདི་རུ་བུད་མེད་ལ་སྒོར་བཙལ་རྒྱུ་མེད་ཚུལ་བཤད་འདོད་པ་ཡིན་ནམ་ཞེས་པར།
ཚེ་བརྟན་སྒྲོལ་མས་ལས་ཀ་བ་ཚོར་བལྟས་ནས་ལན་མ་བཏབ།
ཁེ་བདག་གིས་ཡང་། གལ་ཏེ་ཁྱོད་ཡོང་འདོད་ན་ང་ཚོར་ཟ་མ་ལས་རོགས་བྱས་ཚེ་ངས་ཁྱོད་ལ་ལས་མི་སྐྱེས་པ་ལས་གླ་ཆ་མཐོ་བ་ཞིག་བྱིན་ཆོག་ཟེར།
ཚེ་བརྟན་སྒྲོལ་མས་ཡིད་མི་ཆེས་པའི་ངང་། ངོ་མ་ཡིན་ནམ་ཞེས་དྲིས།
ཁེ་བདག་གིས། ངོ་མ་ཡིན། ང་ནི་འདི་ལས་ཆེས་མཐོ་བའི་འགོ་བ་ཡིན། སྐད་ཆ་བཤད་ན་གྲངས་ཀར་མི་བརྩི་བ་ག་ལ་སྲིད་ཟེར།
ཚེ་བརྟན་སྒྲོལ་མས། ང་ཁྱིམ་དུ་ལོག་ནས་བསམ་བློ་ཞིག་གཏོང་། ཞེས་པ་དང་དགའ་སྤྲོའི་ངང་ནས་ཁྱིམ་དུ་རྒྱུགས། ཚེ་བརྟན་སྒྲོལ་མ་དང་ཁེ་བདག་གཉིས་ཀྱིས་དོན་དེ་གླེང་སྐབས། ཨ་མ་རྨ་ལྷོ་རྫོང་དུ་མོའི་ཨ་ཅེའི་བྱིས་པ་གཉོར་དུ་སོང་ནས་ད་དུང་ཕྱིར་ལོག་མེད་ཅིང་། ནུ་བོས་ཀྱང་སློབ་མཚམས་བཞག་ནས་ཁྱིམ་དུ་བསྡད་ཡོད། ཁོ་མོ་ཁྱིམ་དུ་ལོག་ནས་ཨ་མ་དང་གྲོས་མོལ་བྱེད་ཐབས་མེད་པས། ནུ་བོར་སྟབས་བདེ་ངང་རང་ཉིད་ལས་ཡུལ་དུ་སོང་ནས་ཇ་མ་བྱས་ཏེ་སྒོར་མོ་བཙལ་རྒྱུའི་དོན་དག་དང་། ཁྱིམ་གྱི་མཉམ་འཇོག་བྱེད་དགོས་པའི་དོན་དག་སོགས་བཅོལ་རྗེས། རང་གི་འདོད་པ་བཞིན་ལས་ཡུལ་དུ་ཇ་མ་བྱེད་པར་ཕྱིན་པ་རེད།
དུས་ཡུན་ངེས་ཅན་ཞིག་འདས་རྗེས། ཁེ་བདག་གིས་ཚེ་བརྟན་སྒྲོལ་མའི་སྐྱེ་གཟུགས་མཛེས་ཤིང་། དཀའ་སྡུག་བཟོད་བསྲན་བྱེད་ཐུབ་ལ། ད་དུང་རིག་གནས་ཀྱི་རྨང་གཞིའང་ངེས་ཅན་ཞིག་ཡོད་པ་མཐོང་ནས་ཁོ་མོར་དེ་བས་ཀྱང་དགའ་བར་གྱུར། རིམ་བཞིན་ཁོས་ཚེ་བརྟན་སྒྲོལ་མ་དང་དགའ་རོགས་སྒྲིག་ནས་བཟའ་ཟླ་བྱེད་རྒྱུའི་རེ་བ་བཏོན། ཚེ་བརྟན་སྒྲོལ་མས་གནས་ཚུལ་དེ་རྨ་ལྷོ་རྫོང་ནས་ཕྱིར་ཁྱིམ་དུ་ལོག་ཟིན་པའི་ཨ་མར་བཤད་མོད། འོན་ཀྱང་ཨ་མས་གཞན་གྱི་གཉེན་ཆང་ཕྱིར་མ་སློག་པ་དང་། ཁེ་བདག་གི་གནས་ཚུལ་ངོ་མའང་ཇི་འདྲ་ཡིན་པ་གསལ་ཆ་མེད་པར་ཁ་གཡར་ནས་གཏན་ནས་མོས་མཐུན་མ་བྱུང་། ཚེ་བརྟན་སྒྲོལ་མར་གཞན་ཐབས་ཟད་པས། ངག་སྙན་ཚིག་འཇམ་གྱིས་ཨ་མའི་ངོ་ལྡོག་པ་རེད།
ལོ་མཇུག་ཏུ། ཆུ་མཛོད་འཛུགས་སྐྲུན་བྱས་ཚར། ཁེ་བདག་གིས་ལས་མི་རྣམས་ལ་གླ་ཕོགས་སྤྲོད་མགོ་བརྩམས། ཁེ་བདག་གིས་སྒོར་མི་སྒམ་གང་ལས་ཡུལ་དུ་སྤོས་ཤིང་། ཁོའི་ལྟ་སྐུལ་འོག་ཏུ་དངུལ་གཉེར་བས་གཅིག་གཅིག་གཉིས་གཉིས་བྱས་ནས་གླ་ཕོགས་ལས་མི་ཚོའི་ལག་ཏུ་སྤྲད་པ་རེད། ལས་མི་རྣམས་དགའ་སྤྲོས་འཁེངས་ཤིང་། ལས་མི་ཁ་ཤས་ཀྱིས་ལག་ཏུ་ཡོད་པའི་དངུལ་སྒོར་སྟོང་ཕྲག་ཁ་ཤས་ལ་བལྟས་ནས་ངར་ལངས་ནས་ངུས་པ་རེད། དེར་བལྟས་ན། ཁོ་ཚོས་ད་ལྟའི་བར་སྒོར་འདི་འདྲའི་མང་པོ་ཞིག་གཏན་ནས་མཐོང་མ་མྱོང་བ་ཤེས་ཐུབ།
ཚེ་བརྟན་སྒྲོལ་མའི་སེམས་ཀྱི་འགག་སྒོ་གཞི་ནས་གཏོར་བྱུང་། མོས་ཁེ་བདག་གི་གཉེན་སློང་ཁས་བླངས་པར་མ་ཟད། རང་ལ་དབང་བའི་གླ་ཕོགས་ཚང་མ་ཨ་མར་སྤྲད་རྗེས་རང་དབང་རང་འདོད་ཀྱིས་ཚང་མར་གསང་བའི་ངང་ནས་ཁེ་བདག་གི་རྗེས་སུ་འབྲངས་ནས་བུད་སོང་།
ནུ་མོ་དེ་ལྟར་བུད་སོང་བ་ཤེས་རྗེས། གཡང་སྐྱིད་ཁྱིམ་དུ་སྡོད་མི་ཐུབ་པར་གྱུར་ལ། ཚེ་ལོའི་སེམས་སུའང་བྲེལ་འཚུབ་ཆེན་པོས་འཁེངས་ཀྱང་། ཁོ་ཚོས་རོགས་རམ་ཅི་ཡང་མི་ནུས།
ཉིན་དེར། གཡང་སྐྱིད་ཀྱིས་ཐབས་རྡུགས་པའི་སྒོ་ནས་ཚེ་ལོ་ལ། ང་ཚོས་སྤྱི་བདེ་ལ་སྙན་སེང་ཞུ་ཟེར།
ཚེ་ལོས། གཉེན་སྒྲིག་རང་དབང་ནི་ཚང་མས་ཤེས་པའི་ཁྲིམས་མཐུན་གྱི་གནས་ལུགས་ཡིན་ལ། ཚེ་བརྟན་སྒྲོལ་མ་ནི་རང་འཐད་ཡིན་པས། གལ་ཏེ། ང་ཚོས་ཁེ་བདག་ཞུ་གཏུགས་བྱས་ན་གཉེན་སྒྲིག་རང་དབང་ལ་ཐེ་གཏོགས་བྱས་པ་མ་རེད་དམ་ཞེས་བཤད།
གཡང་སྐྱིད་ཀྱིས། རེད་མོད་ཀྱང་། ང་ཚོས་ཤེས་པ་ནི་མི་དེ་ནི་ཁེ་བདག་ཆེན་པོ་ཞིག་ཡིན་པ་ལས། ཁོའི་གནས་ཚུལ་གཞན་ཅི་ཡང་མི་ཤེས་པ་དེ་རེད། གལ་ཏེ་མི་དེ་ནི་བསླུ་བྲིད་གཏོང་མཁན་ཞིག་ཡིན་ཚེ་ཅི་བྱེད་དམ་ཟེར།
ཚེ་ལོས། ཁོས་ལས་མི་ཚོར་གླ་ཕོགས་སྤྲད་པའི་གནས་ཚུལ་ལ་བལྟས་ན། མགོ་སྐོར་གཏོང་མཁན་ཞིག་དང་མི་འདྲ་ཟེར།
གཡང་སྐྱིད་ཀྱིས། མགོ་སྐོར་གཏོང་མཁན་ལ་སྒྱུ་འཕྲུལ་སྣ་ཚོགས་སྟོན་རྒྱུ་ཡོད་དེ། མི་ལ་ལས་སྒོར་དང་རྒྱུ་ནོར་གཡོ་ལེན་བྱེད་པ་དང་། མི་ལ་ལས་གཡེམ་དང་གཉེན་སྒྲིག་གཡོ་འགུག་བྱེད་བཞིན་ཡོད་པས། གཏན་འཁེལ་ཞིག་མེད་ཟེར།
ཚེ་ལོས། དེ་འདྲ་ཡང་སྲིད་མོད། མགོ་སྐོར་གཏོང་མཁན་ཡིན་མིན་ད་དུང་བཤད་དཀའ། འོན་ཀྱང་གནམ་འོག་གི་སྤྱི་བདེ་ནི་ཁྱིམ་ཚང་གཅིག་ཡིན་པས། ང་ཚོས་འདི་གའི་སྤྱི་བདེ་བརྒྱུད་དེ་ས་གནས་དེ་གའི་སྤྱི་བདེ་ལ་ཁེ་བདག་དེའི་གནས་ཚུལ་ཞིབ་ཕྲ་དང་། ཚེ་བརྟན་སྒྲོལ་མའི་མིག་སྔར་གྱི་གནས་ཚུལ་རྒྱུས་ལོན་བྱས་པས་ཆོག་ཟེར།
དེ་ལྟར། ཁོ་ཚོས་དོན་དེ་སྤྱི་བདེ་ལ་ཡར་ཞུ་བྱས་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注